འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་18ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ས་གནས་དངུལ་རྩ་དོ་དམ་ཅུས། ལྷ་ས་མཐོ་གསར་ཁུལ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལྷ་ས་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་གྱི་སྤྱི་ཡོངས་གནས་ཚུལ་དང་དེ་བཞིན་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་བཅས་ངོ་སྤྲོད་བྱས་པ་རེད།
བོད་ཀྱི་དངུལ་རྩའི་ཚོང་དོན་ཁུལ་ཐོག་མ་དང་མིག་སྔའི་དངུལ་རྩའི་ཚོང་དོན་ཁུལ་འབའ་ཞིག་ཡིན་པའི་ངོས་ནས། ལྷ་ས་གྲོང་ཁྱེར་གྱིས་སྔོན་ཐོན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚད་གཞི་དང་ཡང་ཡང་བསྡུར་ནས་ཚོང་འགུགས་མ་འདྲེན་གྱི་ཡར་སྐུལ་དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ལས་ཁུངས་བཅའ་སྡོད་བྱེད་པ། ཁེ་ལས་ཁྲོམ་རར་ཞུགས་པ། གཞིས་ཆགས་ལ་བྱ་དགའ་སྤྲོད་པ། ཤེས་ལྡན་པར་བྱ་དགའ་སྤྲོད་པ། རྩ་འཛུགས་དང་ཁོར་ཡུག་འགན་ལེན་བྱེད་པ་སོགས་ཕྱོགས་མང་པོ་དང་ཕྱོགས་ཡོངས་ནས་གཟིགས་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་དང་། དངུལ་རྩའི་ཚོང་དོན་ཁུལ་དུ་བཅའ་སྡོད་བྱེད་པའི་ཆ་རྐྱེན་དང་འཚམ་པའི་ཁེ་ལས་དང་མི་སྒེར་ལ་བྱ་དགའི་དངུལ་གྲངས་མཐོ་ཤོས་སྒོར་ཁྲི་5000དང་དེ་བཞིན་ཁེ་ལས་ཀྱི་ཐོབ་ཁྲལ་གྱི་ཁྲལ་ཚད་དམའ་ཤོས་9%སྤྲོད་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་དངུལ་རྩའི་ཚོང་དོན་ཁུལ་འཕེལ་རྒྱས་ཀྱི་དམིགས་ཚད་ནི་2024ལོའི་ལོ་མཇུག་ཏུ་སླེབས་སྐབས་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་གྱི་གཞི་ཁྱོན་རགས་ཙམ་ཆགས་པར་སྐུལ་འདེད་གཏོང་རྒྱུ་དང་། 2026ལོའི་ལོ་མཇུག་ཏུ་སླེབས་སྐབས་དངུལ་རྩ་ཚོང་དོན་ཁུལ་འཛུགས་སྐྲུན་གཞི་རྩའི་ཆ་ནས་ཆགས་པར་སྐུལ་འདེད་གཏོང་རྒྱུ། 2030ལོའི་ལོ་མཇུག་ཏུ་སླེབས་སྐབས་དངུལ་རྩའི་ཚོང་དོན་ཁུལ་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གནས་རྟགས་གསར་པ་དང་། ནུབ་རྒྱུད་དངུལ་རྩའི་ཐོན་ལས་འཕེལ་རྒྱས་ཀྱི་མིང་བྱང་གསར་པ། རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱེད་པའི་གཞི་རྟེན་གསར་པ་བཅས་སུ་འགྱུར་བ་བྱ་རྒྱུ་རེད།
(ཉི་དོན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)