འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ཚོད་ལྟའི་ཕྱོགས་སྡོམ་དང་ས་གནས་ས་ཐོག་གི་བརྟག་དཔྱད་འགོ་ཚུགས་པའི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ན་ནིང་ཟླ་བཅུ་པར་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་འབྲེལ་ཡོད་ལས་དོན་གྲ་སྒྲིག་བྱེད་འགོ་བཙུགས་ཚུན། མིག་སྔར། གྲ་སྒྲིག་དང་ཚོད་ལྟའི་དུས་མཚམས་ཀྱི་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ནས་དུས་ཡུན་ལོ་གཅིག་རིང་གི་ས་གནས་ས་ཐོག་གི་བརྟག་དཔྱད་བྱེད་མཚམས་སུ་སླེབས་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་4ཚེས་11ཉིན་རང་ལྗོངས་ཀྱི་ཡོངས་བཤེར་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཚུན། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་མཉམ་འགུལ་གྱིས་ཟླ་5ཚེས་10ཉིན་བར་མལ་གྲོ་གུང་དཀར་རྫོང་གི་ཡོངས་བཤེར་ཚོད་ལྟའི་ས་གནས་ས་ཐོག་གི་བརྟག་དཔྱད་ལས་དོན་སྤྱིར་ན་ལེགས་སྒྲུབ་ཟིན་ནས་སྤོ་མི་རུང་བའི་རིག་དངོས་གནས་ཡུལ་173བརྟག་དཔྱད་ཐོ་བཀོད་ཟིན་པའི་ཁྲོད། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་གསུམ་པའི་བསྐྱར་ཞིབ་རིག་དངོས་གནས་ཡུལ་127ཡོད་པ་དང་། 2012ལོར་རིག་དངོས་གནས་ཡུལ་གསར་པ་25གསར་རྙེད་བྱུང་ཚུན། ད་རེས་རིག་དངོས་གནས་ཡུལ་21བརྟག་དཔྱད་བྱས་ནས་གསར་དུ་རྙེད་ཡོད། རིག་དངོས་ཀྱི་རིགས་དབྱེར་གཞིགས་ན། སྤོ་མི་རུང་བའི་རིག་དངོས་གནས་ཡུལ་173ཡོད་པ་ལས། གནའ་བོའི་རྗེས་ཤུལ་རིགས་ཀྱི་གནས་ཡུལ་45དང་། གནའ་བོའི་བང་སོའི་རིགས་ཀྱི་གནས་ཡུལ་35 གནའ་བོའི་ཨར་སྐྲུན་རིགས་ཀྱི་གནས་ཡུལ་57 ཉེ་དུས་དེང་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་གལ་ཆེན་དང་འཐུས་ཚབ་ཨར་སྐྲུན་གནས་ཡུལ་1 བྲག་ཕུག་ལྷ་ཁང་དང་རྡོ་བརྐོས་གནས་ཡུལ་25 དེ་མིན་རིགས་ཀྱི་གནས་ཡུལ་10བཅས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མལ་གྲོ་གུང་དཀར་རྫོང་གི་ཚོད་ལྟའི་ཁྱབ་ཁོངས་ཤང་7དང་གྲོང་རྡལ་1ལ་ཁྱབ་ཡོད་པ་དང་། ཡོངས་བཤེར་རུ་ཁག་གསུམ་ལ་བགོས་ནས་མལ་གྲོ་གུང་དཀར་རྫོང་གི་སྤོ་མི་རུང་བའི་རིག་དངོས་གནས་ཡུལ་ལ་ཡོངས་བཤེར་གྱི་ཚོད་ལྟའི་ལས་དོན་ལ་མི་ཐེངས་བརྒྱ་ལྷག་ཙམ་ཞུགས་ཡོད། ད་རེས་རིག་དངོས་གནས་ཡུལ་21གསར་དུ་རྙེད་པ་དག་ཡོངས་བཤེར་ཐོ་འགོད་ལྟར་ཆ་འཕྲིན་བསྡུ་རུབ་དང་རེའུ་མིག་བརྒྱངས་ཟིན་པས། རྗེས་སུ་ལག་རྩལ་མཛུབ་ཁྲིད་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་གསར་དུ་རྙེད་པའི་རིག་དངོས་གནས་ཡུལ་21ལ་ངོས་འཛིན་གསལ་འབྱེད་བྱས་ཏེ། རིག་དངོས་ངོས་འཛིན་གྱི་ཚད་གཞི་དང་མཐུན་པའི་ཡོངས་བཤེར་བྱ་ཡུལ་ལ་སྤོ་མི་རུང་བའི་རིག་དངོས་ཁྲིམས་བཞིན་གཏན་འཁེལ་དང་ཁྲིམས་བཞིན་སྲུང་སྐྱོང་བྱེད་ཁོངས་སུ་འཇུག་རྒྱུ་དང་། རིམ་ཁག་མི་དམངས་སྲིད་གཞུང་གིས་ཡོངས་བཤེར་གྱི་གྲུབ་འབྲས་ལ་གཞིགས་ནས་གསར་དུ་རྙེད་པའི་རིག་དངོས་གནས་ཡུལ་དག་རིམ་ཁག་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་གྱིས་ཁྱབ་བསྒྲགས་བྱ་རྒྱུ་རེད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)