《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月19日

སི་ཁྲོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ཕེབས་ནས་རྟོག་ཞིབ་དང་བཞུགས་མོལ་གནང་བ།

ཟླ་5ཚེས་16དང་ཚེས་17ཉིན། སི་ཁྲོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་བ་རེད། ཚེས་17ཉིན་གྱི་སྔ་དྲོར། བོད་ལྗོངས་དང་སི་ཁྲོན་གྱི་སྤེལ་རེས་མཉམ་ལས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

ཟླ་5ཚེས་16དང་ཚེས་17ཉིན། སི་ཁྲོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་ཞིང་། འདི་ནི་སི་ཁྲོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་བཞུགས་རིང་ཉིང་ཁྲི་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གནས་ཚུལ་ལ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཚེས་16དང་ཚེས་17ཉིན། སི་ཁྲོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ཕེབས་ནས་རྟོག་ཞིབ་གནང་བ་རེད། ཚེས་17ཉིན་གྱི་སྔ་དྲོར། བོད་ལྗོངས་དང་སི་ཁྲོན་གྱི་སྤེལ་རེས་མཉམ་ལས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཞའོ་ཧུའེ་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཧོང་ཆང་གིས་བཞུགས་མོལ་ཚོགས་འདུའི་ཐོག་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། ས་གནས་གཉིས་ཀྱི་ཚབ་ཞུས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་ཀྱང་བཀོད་པ་རེད། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲེང་ཏུའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཞའོ་ལིན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་སི་ཁྲོན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། སི་ཁྲོན་གྱིས་དུས་ཡུན་རིང་པོ་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཕྱོགས་ཡོངས་དང་། གཏིང་ཟབ། ཁྱབ་ཁོངས་མང་བ་བཅས་ཀྱི་སྒོ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་བསྟན་དོན། རི་ཆུ་འབྲེལ་བའི་བོད་དང་སི་ཁྲོན་གྱིས་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་བཅས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་མཉམ་དུ་འཁུར་ཡོད། སི་ཁྲོན་དང་མཉམ་དུ་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད། བོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སི་ཁྲོན་གྱི་བྱེད་ཐབས་དང་ཉམས་མྱོང་བཟང་པོར་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་ལེགས་ཆ་གསབ་རེས་དང་དགེ་སྤེལ་སྐྱོན་སྤང་བྱས་ཏེ་ཕྱོགས་ཡོངས་ཀྱི་སྤེལ་རེས་མཉམ་ལས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བ་དང་། མཉམ་འགུལ་ལ་ཤུགས་སྣོན་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཉམ་དུ་ཤུགས་བརྒྱབ་སྟེ་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་མཉམ་འདྲེས་དེ་བས་ལེགས་པར་བྱེད་པ། གསར་དར་ཐོན་ལས་སྐྱེད་སྲིང་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཉམ་དུ་ཤུགས་བརྒྱབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ། རྣམ་གྲངས་བསྐྲུན་མགྱོགས་སུ་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་ཤར་གཏོང་ལ་སྐུལ་འདེད་གཏོང་བར་མཉམ་དུ་ཤུགས་བརྒྱབ་སྟེ་ཁྲོན་བོད་ལྕགས་ལམ་དང་དེ་བཞིན་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཆགས་པ་དང་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་མཉམ་དུ་ཤུགས་བརྒྱབ་སྟེ་དམངས་འཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བར་མཉམ་དུ་ཤུགས་བརྒྱབ་སྟེ་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་བོད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་བར་མཉམ་དུ་ཤུགས་བརྒྱབ་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ནས་སྲུང་སྐྱོང་ཆེ་མོ་དང་། སྒོ་དབྱེ་ཆེ་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན།

ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་སྐབས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་ཀྱིས་དུས་ཡུན་རིང་པོར་སི་ཁྲོན་གྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་གསུངས་དོན། སི་ཁྲོན་དང་བོད་ལྗོངས་རི་ཆུ་འབྲེལ་བ་དང་། དམངས་སེམས་འབྲེལ་བ། རིག་གནས་ཕན་ཚུན་འབྲེལ་མཐུད་བཅས་བྱུང་ཡོད་པས། གནའ་སྔ་མོ་ནས་བཟུང“སི་ཁྲོན་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར”ཡིན། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད། གངས་ལྗོངས་ས་མཐོར་འགྱུར་ལྡོག་ཆེན་པོ་བྱུང་བ་དེས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་ལ། ཉམས་མྱོང་དང་བྱེད་ཐབས་བཟང་པོ་མང་པོ་ཞིག་ང་ཚོས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་འདུག ཟླ་གོང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ། ང་ཚོས་ས་ཁོངས་ཀྱི་ཆུ་ཚད་མཐོ་བའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སི་ཁྲོན་དང་བོད་ལྗོངས་ནི་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་མཁན་ཞིང་ཆེན་གལ་ཆེན་ཞིག་ཡིན་པས། ང་ཚོས་བོད་དང་མཉམ་དུ་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། སྲུང་སྐྱོང་ཆེ་མོ་དང་། སྒོ་དབྱེ་ཆེ་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དམིགས་པ་དང་ད་ཐེངས་གྲོས་མཐུན་ལ་མིང་རྟགས་བཀོད་པ་གོ་སྐབས་སུ་བྱས་ནས་འཐབ་ཇུས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ལེགས་ཆ་གསབ་རེས་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་ཁྲོན་བོད་མཉམ་ལས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་འདོད་ཡོད། ས་གནས་གཉིས་ཀྱིས་ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲིའི་དུམ་བུ་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། G318སྤུས་མཐོ་སྒྱུར་བཀོད་དང་ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་ཚང་བའི་གཞུང་ལམ་སྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། ས་གནས་གཉིས་དབར་གྱི་ཐད་གཏོང་དུས་གཏན་གནམ་གྲུ་དང་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་མང་དུ་གཏོང་བ་བཅས་བྱས་ནས་སི་ཁྲོན་ནས་ཐོན་ཏེ་བོད་དུ་སྐྱོད་པའི་སྟབས་བདེ་དང་ནུས་ཆེའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་མཉམ་དུ་གཏོད་རྒྱུ་དང་། “བོད་ཀྱི་ཐོན་ཁུངས་དང་། སི་ཁྲོན་གྱིས་བཟོས་པ། གོ་ལ་ཧྲིལ་པོའི་ཁྲོམ་ར་བཅས་ཟུང་དུ་འབྲེལ་བའི”མཉམ་ལས་བྱེད་ཐབས་ཟབ་ཏུ་བཏང་ནས་མིས་བཟོས་རིག་ནུས་དང་། སྐྱེ་དངོས་སྨན་རྫས། ནུས་རྒྱུ། ཞིང་ལས། རིག་གནས་ཡུལ་སྐོར་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ། ས་མཚམས་ལས་སྒྲོལ་བའི་ཆུ་བོ་དང་མཚེའུ་ཡི་ཁོར་ཡུག་བཅོས་སྐྱོང་དང་ས་གཤིས་གནོད་འཚེའི་འཕྲལ་སྡོམ་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། མུ་འབྲེལ་ས་ཁུལ་གྱི་ནགས་ཚལ་རྩྭ་ཐང་གི་མེ་གསོད་སྔོན་འགོག་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་སླར་གསོའི་འདུ་འགོད་གལ་ཆེན་མཉམ་དུ་ལག་བསྟར་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་གི་ལྗང་མདོག་སྲུང་བཅད་མཉམ་དུ་བརྟན་དུ་གཏོང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མཉམ་འགོག་མཉམ་བཅོས་ཀྱི་བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ལམ་སྲོལ་མཉམ་དུ་འཐུས་སྒོ་ཚང་དུ་བཏང་ནས་བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཐེམ་ཐོ་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་སྒྲུབ་གཉེར་མང་བའི་སྲིད་དོན་ཞབས་ཞུའི་ཞིང་སྒྲོལ་ཀུན་སྒྲུབ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། གཉིས་ཁེ་གཉིས་ཕན་གྱི་དམངས་འཚོའི་འགན་སྲུང་དྲ་བ་མཉམ་དུ་བསྐྲུན་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ས་གནས་གཉིས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ལོངས་སུ་སྤྱོད་ཐུབ་པ་བཅས་ཡོང་བའི་རེ་བ་ཡོད།

སི་ཁྲོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་བཞུགས་རིང་ཉིང་ཁྲི་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་ཕེབས་ཏེ་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། གཙོ་གནད་རིག་དངོས་སྲུང་སྐྱོང་། གློག་དྲ་འཆར་འགོད་བཀོད་སྒྲིག ནུས་རྒྱུ་མཉམ་ལས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།

(པ་སངས་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)