《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月19日

མི་དེ་བས་མང་བས“བོད་ཀྱི་ཇ་སྤུས་ལེགས”འཐུང་ཐུབ་པ་བྱེད་ཀྱི་ཡིན།

“ལས་རིམ་རྙོག་འཛིང་ཆེ་བ་དང་ཞིབ་ཚགས་པོ་བརྒྱུད་མཐར་མངར་སིལ་ལྡན་པའི་ཇ་ལོའི་བྲོ་བ་མྱོང་ཐུབ” ཀྱག་ཀྱོག་གི་རི་ལམ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཤང་དུ་སླེབས་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ལྡན་པའི་ཇ་ཤིང་ར་བ་དང་པོར་བསྐྱོད་དེ་2023ལོའི་ལོ་འཁོར་གྱི“བོད་ཀྱི་བཟོ་བོ”ལུའོ་ཞའོ་ལིང་ལ་བཅར་འདྲི་བྱས་པ་ཡིན།

“དེ་གར་སྔ་དགོང་གི་དྲོད་ཚད་ཁྱད་པར་ཆེ་ལ་ཉི་འོད་ཕོག་ཤུགས་ཆེ་བས་ཇ་འདེབས་སའི་ས་ཆ་ཡག་པོ་ཞིག་ཡིན་མོད། ཡིན་ནའང་དེའི་ས་གཤིས་ཆགས་ཚུལ་ལས་ཇ་འདེབས་པར་དཀའ་ཚེགས་ཆེ་ཡང་ང་ཚོས་བློས་གཏོང་བྱས་མེད། 2023ལོར་ཇ་ཤིང་སྣ་ཁ་གསར་པ་བཏབ་པས་ལེགས་གྲུབ་བྱུང་སོང”ཞེས་ལུའོ་ཞའོ་ལིང་གིས་ངོ་སྤྲོད་བྱས།

“གཡག་རྔར་ང་ཚོའི་ཁྱིམ་ལ་ཇ་ཤིང་ར་བ་ཡོད་ལ། ཕ་མ་གཉིས་པོས་ཇ་བཟོ་སྟངས་ཡག་པོ་ཤེས་ཀྱི་ཡོད། རང་ཉིད་ཀྱིས་ཀྱང་ཆུང་དུས་ནས་ཇ་ལོ་སྐམ་སྲེག་གཏོང་ཤེས་པ་དང་། སྐམ་སྲེག་བཏང་བའི་ཇ་ལོ་དག་ཕས་ཁྲོམ་ལ་ཚོང་བར་འགྲོ་གི་ཡོད” གཡག་རྔར་སྔར་ནས“འཛམ་གླིང་གི་ཇའི་རིག་གནས་ཀྱི་འབྱུང་ཁུངས”ཞེས་བརྗོད་པ་དང་། ལུའོ་ཞའོ་ལིང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གཡག་རྔ་བ་ཞིག་རེད། ཁོང་ཆུང་ངུའི་དུས་ནས་ཇའི་རིག་གནས་ལ་བག་ཆགས་ཟབ་མོ་ལྡན་སྟབས། དམའ་འབྲིང་ནས་བཟུང་། ཁོང་གིས་བཏུས་མ་ཐག་པའི་ཇ་ལོ་གསར་པ་སླ་ང་ཚ་པོའི་ནང་ལག་པས་སྐམ་སྲེག་བཏང་བས་ལག་པ་ཚིག་ནས་དམར་པོར་གྱུར་ལ་མཐའ་ན་ཆུ་ལྒང་ཡང་དོན་མྱོང་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

སློབ་ཆེན་ཐོན་རྗེས། ལུའོ་ཞའོ་ལིང་གིས་གཡག་རྔ་གྲོང་ཁྱེར་མིང་ཧྲན་ཆུས་ཅིན་ལུང་གྲོང་ཚོར་ནགས་བསྐྱུར་ཞིང་འདེབས་ཀྱི་ལས་ཀ་འགན་གཙང་བླངས། “བག་ཆགས་ཟབ་ཤོས་ནི་ས་གནས་དེ་གར་ཇ་ཤིང་འདེབས་རྒྱུ་ཁྱབ་གདལ་བཏང་རྗེས་གྲོང་ཚོའི་དུད་ཚང་ཚང་མའི་ས་ཕག་ལས་གྲུབ་པའི་ཁང་པ་ཐོག་གཅིག་མ་དག་ཐོག་བརྩེགས་ཅན་དུ་འགྱུར་བ་དེ་ཡིན”ཞེས་ལུའོ་ཞའོ་ལིང་གིས་དྲན་གསོ་བྱེད་བཞིན་དུ་བཤད་པ་དང་། ཁོང་གིས་ཅིན་ལུང་གྲོང་ཚོའི་ཡུལ་མི་ཚོ་ཇ་འདེབས་པར་བརྟེན་ནས་ཕྱུག་པོ་ཆགས་ཏེ་འཚོ་བ་ཉིན་བཞིན་ཡག་ཏུ་སོང་ཡོད་ཅེས་བཤད།

ཆུང་བྱིས་པའི་དུས་ཀྱི་མྱོང་བ་དང་ལས་ཀའི་ཁྱད་ཆོས་ལས་ལུའོ་ཞའོ་ལིང་ཇ་འདེབས་རྒྱུར་སྤྲོ་སྣང་ཆེན་པོ་ལྡན། མི་དེ་བས་མང་བས་གཡག་རྔའི་ཇར་རྒྱུས་མངའ་ཡོང་ཆེད་ལུའོ་ཞའོ་ལིང་གིས་རྒྱལ་ཡོངས་ཀྱི་ས་གནས་ཚང་མར་བསྐྱོད་དེ་ཇ་བཟོ་སྟངས་སྦྱངས།

ཐེངས་ཤིག་ལུའོ་ཞའོ་ལིང་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཤང་དུ་སླེབས་སྐབས། “དེ་གའི་རི་མཐོ་སྨུག་པས་འཁྲིགས་སར་ཇ་ལོ་ཡག་པོ་སྐྱེ་བ་མཐོང་བ་དང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱིས་ངའི་ཡིད་དབང་འཕྲོག་པ་མ་ཟད། ལྷག་པར་དུ་ངའི་ངོས་འཛིན་ལ་རྦད་དེ་འགྱུར་བ་ཐེབས་པ་ནི། བོད་ལ་ཇ་ཤིང་ཡོད་པ་ཙམ་མ་ཟད། བོད་རང་ལ་མ་གཏོགས་མེད་པའི་ཇ་ཤིང་ཡག་པོ་སྐྱེས་ཐུབ་པ་དེ་ཡིན། དེ་དུས་མི་མང་པོར་བོད་ཀྱི་ཇ་ཡག་པོ་ཡོད་པ་ཤེས་སུ་བཅུག་ནས་མི་སྔར་ལས་མང་བར་ཇ་ཞིམ་པོ་འཐུང་རྒྱུ་ཡོང་བའི་བསམ་བློ་འཁོར་བྱུང”ཞེས་ལུའོ་ཞའོ་ལིང་གིས་བཤད།

ཕུགས་འདུན་དེ་འགྲུབ་ཆེད་ལུའོ་ཞའོ་ལིང་གིས་སྔར་གྱི་རང་ཉིད་ཀྱི་གཏན་འཇགས་ལས་ཀ་དོར་ནས་ཇ་སོན་དང་ལག་རྩལ་ཁྱེར་ཏེ་ཤེས་ལྡན་པ་དང་མཉམ་དུ་ཡིད་འོང་དུ་ཡོང་ནས་རང་ཉིད་ཀྱི་ཇ་འདེབས་ལས་ལ་གཞོལ།

ཕམ་ཁ་ཡང་ཡང་བྱུང་བར་དཔའ་མི་ཞུམ་པར། ཡང་འབད་བསྐྱར་འབད་བྱེད་དགོས་ཞེས་ལུའོ་ཞའོ་ལིང་གིས་རྒྱུན་དུ་ཤོད་ཀྱི་ཡོད། “ཇ་ལོ་ཚོད་འདེབས་བྱེད་རིང་། ས་རྒྱུ་དང་དྲོད་ཚད་རན་པོ་དགོས་པ་ནི་རང་ཉིད་ལ་འཕྲད་པའི་དཀའ་ཁག་ཆེན་པོ་གཉིས་རེད” དེར་བརྟེན་ལུའོ་ཞའོ་ལིང་གིས་ཡུལ་གཞན་ནས་ས་རྒྱུ་དབོར་འོང་སྟེ་ལག་རྩལ་པ་དང་མཉམ་དུ་འབད་འབུངས་ཡར་བརྩོན་ངང་ཇ་ཞིང་གི་གསེབ་ཏུ་ཕར་རྒྱུག་ཚུར་རྒྱུག་གིས་ཇ་ལོ་དཔེ་གསར་ཞིབ་སྤེལ་དང་། འདེབས་པ། ཐོན་སྐྱེད། ལས་སྣོན་བཅས་ཀྱི་ལས་རིམ་རེ་རེར་སེམས་ནུས་ཡོད་རྒུ་འདོན་གྱི་ཡོད།

མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད། 2023ལོར་ཇ་ལོ་དཔེ་གསར་ཡིད་འོང་དུ་བཏབ་པ་ལེགས་གྲུབ་བྱུང་ཞིང་། ལུའོ་ཞའོ་ལིང་གིས་བོད་ལྗོངས་རིག་གནས་ཡུལ་སྐོར་ཞིང་འབྲོག་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ནས“གངས་ལྗོངས་སྦས་ལུང་གི་ཇའི”སྤུས་རྟགས་ཐོ་འགོད་འདུན་ཞུ་བྱས་ལ། ཀུང་སིའི་ཇ་དཔེ་གསར་ཁྲོམ་རར་བཏོན་མ་ཐག་གདེང་འཇོག་རྒྱ་ཁྱབ་ཏུ་ཐོབ།

ལས་བཀུར་དང་། འབད་བརྩོན། གསར་གཏོད་སོགས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀུང་སིར་དཔེ་གསར་གྱི་ཁེ་བེད་བདག་ཐོབ་5དང་། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་1 ཕྱི་ཐུམ་འཆར་འགོད་ཀྱི་ཁེ་བེད་བདག་ཐོབ་1བཅས་ཐོབ་པ་མ་ཟད། ལུའོ་ཞའོ་ལིང་ལ་2023ལོའི་ལོ་འཁོར་གྱི་བོད་ཀྱི་བཟོ་བོའི་མཚན་སྙན་ཡང་ཐོབ་ཅིང་། མཚན་སྙན་གནང་བ་དེ་རང་ཉིད་ལ་ཁས་ལེན་བྱས་པ་ཞིག་ཡིན་ལ་འགན་འཁྲི་ཞིག་ཀྱང་དེ་བས་ཡིན་པས་ངས་མུ་མཐུད་འབད་བརྩོན་བྱས་ནས“བོད་ཀྱི་ཇ་སྤུས་ལེགས”ས་ཆ་དེ་བས་མང་བར་ཁྱབ་ཐུབ་པ་དང་མི་དེ་བས་མང་བས་ཤེས་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)