《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月19日

ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།

དེང་རབས་ཡུལ་སྐོར་ལས་རིགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པ་དང་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་ཡུལ་སྐོར་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས། སྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་ཡུལ་སྐོར་ལས་དོན་འཕེལ་རྒྱས་མྱུར་པོ་ཕྱིན་ནས་གོ་ལ་ཧྲིལ་པོའི་རྒྱལ་ནང་ཡུལ་སྐོར་གྱི་ཁྲོམ་ར་ཆེ་ཤོས་སུ་གྱུར་ཏེ། རྒྱལ་སྤྱིའི་ཡུལ་སྐོར་གྱི་འགྲུལ་ཁུངས་རྒྱལ་ཁབ་ཆེ་ཤོས་དང་དམིགས་ས་གཙོ་བོར་གྱུར་པ་དང་སྦྲགས། ཡུལ་སྐོར་ལས་རིགས་ཆུང་བ་ནས་ཆེ་བའི་བར་དང་། ཉམས་ཞན་ནས་སྟོབས་ཆེར་ཕྱིན་ནས་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་གསར་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་དམངས་འཚོའི་ཐོན་ལས་དང་བདེ་སྐྱིད་ཀྱི་ཐོན་ལས་སུ་གྱུར་ཏེ། དམིགས་བསལ་ཁྱད་ཆོས་ལྡན་པའི་ཀྲུང་གོའི་ཡུལ་སྐོར་འཕེལ་རྒྱས་ལམ་བུ་ཞིག་བཏོད་ཡོད་ཅེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག ཡུལ་སྐོར་འཕེལ་རྒྱས་ལ་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་འཕྲད་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། གཞུང་འཁྱོངས་གསར་འབྱེད་དང་། སྤུས་འབྲས་ལེགས་གཉེར། མཉམ་འདྲེས་འཕེལ་རྒྱས་བཅས་མཐའ་འཁྱོངས། སྲིད་གཞུང་དང་ཁྲོམ་ར་དང་། མཁོ་སྤྲོད་དང་དགོས་མཁོ། སྲུང་སྐྱོང་དང་གསར་སྤེལ། རྒྱལ་ནང་དང་རྒྱལ་སྤྱི། འཕེལ་རྒྱས་དང་བདེ་འཇགས་བཅས་སྤྱི་འདོམས་བྱེད་པ། དེང་རབས་ཡུལ་སྐོར་ལས་རིགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཡུལ་སྐོར་ལས་རིགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཞབས་འདེགས་དེ་བས་ཡག་པོ་ཞུ་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བསམ་པའི་ཁྱིམ་གཞིས་སྐྲུན་པ། ཀྲུང་གོའི་གཟུགས་བརྙན་མངོན་པ། ཤེས་དཔལ་དཔྱད་གཞིར་འཛིན་པ་བཅས་བྱེད་དུ་འཇུག་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་བྱ་གཞག་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་ལས་བགོས་མཉམ་སྒྲུབ་དང་དོན་འཁྱོལ་དམ་འཛིན་བྱས་ཏེ། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།

རྒྱལ་ཡོངས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ཟླ་5ཚེས་17ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཡུལ་སྐོར་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཐོག་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་གཟུགས་བརྙན་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། དམིགས་བསལ་ཁྱད་ཆོས་ལྡན་པའི་ཀྲུང་གོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་ནས་ཆ་ལག་ཚང་བའི་འཆར་འགོད་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་པར་ཤུགས་སྣོན་དང་། རིག་གནས་ཤུལ་བཞག་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་། མཁོ་སྤྲོད་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཐོར་གཏོང་། རྒྱལ་སྤྱིའི་ཡུལ་སྐོར་སྤེལ་རེས་མཉམ་ལས་ཟབ་གཏོང་བཅས་བྱས་ནས། ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆེ་བས་ཞུས)