ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དང་ཐོག་ཁྱབ་ཁོངས་ཆུང་བའི་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཕུའུ་ཅིང་གི་སྐབས་གསར་པའི་ཙུང་ཐུང་གི་འགན་ཡུན་ཁུར་འགོ་ཚུགས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པ་དང་། ཁོང་སླར་ཡང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ལོ་75ཡི་རིང་ཀྲུང་ཨུའི་འབྲེལ་བར་དཀའ་ངལ་མང་པོ་འཕྲད་ཀྱང་རྒྱུན་རིང་འདྲིས་པའི་མཛའ་གྲོགས་བརྟན་དུ་སོང་ཡོད་པས། རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོའི་ཚོད་བགམ་ཐེག་པ་དང་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་། ལྷག་བསམ་ཟོལ་མེད། ཞི་མཐུན་མཉམ་གནས། གཉིས་ཕན་གཉིས་ཁེ་བཅས་ཀྱི་དཔེ་མཚོན་བཏོད་ཡོད། ཀྲུང་ཨུའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལའང་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨུ་རུ་སུ་ཕྱོགས་དང་ཕན་ཚུན་ཡིད་ཆེས་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དར་རྒྱས་ཐུན་མོང་ཐོག་མངོན་འགྱུར་བྱས་ཏེ་མཉམ་དུ་འཛམ་གླིང་གི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨུའི་འབྲེལ་བའི་ལོ་75ཡི་འཕེལ་རྒྱས་ལོ་རྒྱུས་ལས་ཐོབ་པའི་སྡོམ་ཚིག་གལ་ཆེ་ཤོས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་གཉིས་དབར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་བཏང་ནས། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་ཡིད་རྟོན། ཕན་ཚུན་གྱི་དོ་ཁུར་ལ་ལྟ་རྟོག་བཅས་བྱས་ཏེ་ཕྱོགས་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ལ་ཕན་ཚུན་རོགས་རམ་དངོས་བྱ་རྒྱུ་དེ་རེད། དེ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ཡང་དག་པའི་མཉམ་གནས་ཀྱི་ཐབས་ལམ་ཞིག་ཡིན་ལ། དུས་རབས་21པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བར་འབད་བརྩོན་བྱེད་དགོས་པའི་ཁ་ཕྱོགས་ཤིག་ཀྱང་ཡིན། ཀྲུང་ཨུའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་ཡོད་པས་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་དང་གཉིས་ཕན་མཉམ་ལས་དམ་ཟབ་བྱས་ནས། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་པ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བརྟན་པོ་བྱེད་དགོས། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ཕུའུ་ཅིང་གིས་གསུངས་དོན། ཨུ་རུ་སུའི་སྐབས་གསར་པའི་ཙུང་ཐུང་གི་ལས་འགན་ཁུར་རྗེས་སླར་ཡང་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ན་ནིང་ཟླ་གསུམ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྱང་ལས་འགན་བསྟུད་མར་བཞེས་ནས་ཡུན་རིང་མ་སོང་བར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་ཡོད། དེ་ནི་ང་ཚོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྲོལ་རྒྱུན་ཡིན་པ་དང་། དེ་ཐོག་ནས་ཕྱོགས་གཉིས་པོས་དུས་རབས་གསར་པའི་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པར་ཚད་མཐོའི་མཐོང་ཆེན་བྱེད་ལུགས་མཚོན་ཡོད། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ལ། ཨུ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཡང་ཡིན་པས་ང་ཚོས་མཉམ་དུ་རྟེན་འབྲེལ་ཞུ་འོས་པ་ཞིག་རེད། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བ་ནི་སྐབས་བསྟུན་གྱི་བྱེད་ཐབས་ཤིག་མིན་ལ། ཕྱོགས་གསུམ་པར་དམིགས་པ་ཞིག་ཀྱང་མིན་པས་རྒྱལ་སྤྱིའི་འཐབ་ཇུས་བརྟན་ལྷིང་ལ་ཕན་ཐོགས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་གཉིས་པོའི་མཉམ་ལས་མུ་མཐུད་རྒྱ་ཆེར་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། འབོ་གསེར་རྒྱལ་ཁབ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱས་ཏེ། སྔར་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
དེ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྱབ་ཁོངས་ཆེན་པོའི་གྲོས་མོལ་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་ཁག་གི་ཕྱོགས་གཉིས་པོའི་ཀྲུའུ་ཞིས་གནང་བའི་མ་འཇོག་དང་། ནུས་རྒྱུ། དཔལ་འབྱོར་ཚོང་དོན། བྱང་ཤར—རྒྱང་ཤར། མི་ཆོས་རིག་གནས། རྒྱལ་སྤྱི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གནས་ཚུལ་གྱི་སྙན་སེང་གསན་ནས། ཐོབ་པའི་འཕེལ་རིམ་ལ་ཐུགས་བློ་མགུ་པོ་གནང་བ་དང་། འབྱུང་འགྱུར་གྱི་མཉམ་ལས་གྲོས་འགོར་ཁས་ལེན་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་ཨུའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་གལ་ཆེན་ཞིག་རེད། ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་། འཆམ་མཐུན་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་འགྲོ་ལམ་གསར་རྐྱང་ཞིག་ཏུ་བསྐྱོད་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་ཨུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མདུན་ཕྱོགས་སུ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ། དཔལ་འབྱོར་ཚོང་དོན་དང་། མ་འཇོག ནུས་རྒྱུ། མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཅས་བཏང་བ་དང་། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་འཕེལ་རྒྱས་གཏོང་བ་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་སྒུལ་ནུས་གསར་པ་སྣོན་བཞིན་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གཙོ་བོ་ཡིན་པས། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་སྟེ། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་འཐབ་ཇུས་གདམ་ག་ཞིག་རེད། ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ནང་དོན་རྒྱུན་མཐུད་ཕུན་སུམ་ཚོགས་སུ་གཏོང་བ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་པ་བཅས་བྱས་ཏེ་འཛམ་གླིང་དར་རྒྱས་བརྟན་ལྷིང་ཡོང་ཆེད་དྲང་ནུས་དེ་བས་མང་བ་ལེགས་སྐྱེས་འབུལ་དགོས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་བཏང་ནས་དཔལ་འབྱོར་ཚོང་དོན་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་དགོས། མི་ཆོས་རིག་གནས་སྤེལ་རེས་ཀྱི་བཀྲག་མདངས་འཚེར་ས་དེ་བས་མང་བ་བཏོད་ནས“ཀྲུང་ཨུའི་རིག་གནས་ལོ”ཐུན་མོང་ཐོག་ཡག་པོ་གཉེར་བ་དང་ས་གནས་ཀྱི་མཉམ་ལས་དམ་ཟབ་བྱས་ནས་དམངས་སེམས་ཀྱི་འབྲེལ་ཐག་མུ་མཐུད་དམ་དུ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་། འབོ་གསེར་རྒྱལ་ཁབ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་རྒྱལ་སྤྱིའི་ཕྱོགས་མང་ལས་སྟེགས་དང་དེ་བཞིན་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་འགན་འཁྲི་མངོན་པ་དང་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས།
ཕུའུ་ཅིང་གིས་གསུངས་དོན། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་མཉམ་ལས་ལམ་སྲོལ་འཁོར་སྐྱོད་ཡག་པོ་བྱུང་བ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ཞིང་ལས། བཟོ་ལས། ནུས་རྒྱུ། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཨུ་ཀྲུང་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་བ་དེ་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་དང་། ཕན་ཚུན་བརྩི་འཇོག རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ལ་རོགས་རམ་བྱེད་པ་སོགས་ཀྱི་རྩ་དོན་ལ་གཞིགས་ནས་ཚོད་བགམ་སྣ་ཚོགས་ཐེག་ཡོད། དེ་རིང་ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་རབ་དང་རིམ་པར་མིང་རྟགས་བཀོད་པ་དེ་ཐོག་ནས་ཕྱོགས་གཉིས་པོས་གཉིས་ཕན་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་ཆེར་གཏོང་བའི་ཆོད་སེམས་མཚོན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ《2030ལོའི་གོང་གི་ཨུ་ཀྲུང་དཔལ་འབྱོར་མཉམ་ལས་འཆར་འགོད》དོན་འཁྱོལ་ཡག་པོ་བྱས་ནས་འདི་ལོ་དང་སང་ལོའི“ཨུ་ཀྲུང་རིག་གནས་ལོའི”བྱེད་སྒོ་ཡག་པོ་གཉེར་ཏེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གྲོས་འགོ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། (བསོད་བདེ་གཞོན་པ་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)