《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月18日

མི་རིགས་ལག་རྩལ་འཛིན་སྐྱོང་གིས། མ་འོངས་ལམ་བུ་མཛེས་སྡུག་ལྡན།

—— ཁ་བ་ཅན་རུམ་འཐག་བཟོ་གྲྭའི་ལོ་སུམ་ཅུའི་རིང་གི་འཕོ་འགྱུར་གླེང་བ།

ཁ་བ་ཅན་རུམ་འཐག་བཟོ་གྲྭའི་ཨ་ཅག་ཚོས་རུམ་འཐག་བཞིན་པ།

བསླས་འཐག་འཁོར་ཁང་གི་ཀྲུའུ་རེན་ཉི་མ་བཀྲ་ཤིས་ཀྱིས་ཁ་གདན་འཐག་བཞིན་པ།

ཁ་བ་ཅན་རུམ་འཐག་བཟོ་གྲྭའི་ལས་མིས་རུམ་འཐག་བཞིན་པ།

ཕུར་བུ་དོན་གྲུབ་ཀྱིས་ཁ་གདན་གྱི་རི་མོའི་དེབ་ལ་ལྟ་བཞིན་པ།

ཁ་བ་ཅན་རུམ་འཐག་བཟོ་གྲྭའི་འགྲེམས་ཁང་།

ཁ་བ་ཅན་རུམ་འཐག་བཟོ་གྲྭའི་སྒོ་རའི་ནང་རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག

འགྲེམས་ཁང་དུ་བསྒྲིགས་པའི་ཁ་གདན་ཡིན་པ།

གླེང་གཞི།

ཁ་བ་ཅན་རུམ་འཐག་བཟོ་གྲྭའི་འཐག་ཁང་དུ་སྐྱོད་སྐབས། ཚོན་མདོག་འདྲ་མིན་སྣ་ཚོགས་ཀྱི་སྤུན་དོག་གྲུ་གུ་རེ་རེ་འཐག་རྩལ་བྱང་ཆུབ་པའི་ལག་གཉིས་ལ་བརྟེན་ནས་མིག་ལ་མཛེས་པའི་བོད་རུམ་དུ་གྱུར། འདི་གར་ཨ་ཅག་ཚོས་ལོ་30ཡི་རིང་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་གྱི་བོད་བཟོའི་བསླས་འཐག་ལག་རྩལ་ལ་བརྟེན་ནས་བོད་རུམ་འཐག་བཞིན་འདུག འཐག་མཁན་མས་བོད་རུམ་གཅིག་འཐག་པར་ཉིན་ཉི་ཤུ་ནས་ཟླ་བ་གཉིས་ཡན་བར་འགོར་གྱི་ཡོད། དེ་གའི་བོད་རུམ་ཚང་མར་འཐག་མཁན་མའི་ལག་རྩལ་གྱི་བློ་གྲོས་འདུས་ཡོད་ལ། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱང་བྱས་ཡོད། བོད་རུམ་ནི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཐོན་རྫས་ཤིག་རེད་ལ། རིག་གནས་ཀྱི་རྒྱུན་འཛིན་དང་ལོ་ཟླའི་ལག་རྟགས་ཤིག་དེ་བས་ཀྱང་རེད། ལོ་སུམ་ཅུའི་རིང་། བོད་རུམ་གྱི་གནའ་བོའི་གཏམ་རྒྱུད་སྙན་མོ་ད་ཆ་འདི་གར་སྔར་བཞིན་ཤོད་བཞིན་ཡོད།

【དར་ཁྱབ་བྱུང་བ】སྤྱི་སྟེགས་ནས་མངོན་པའི་རུམ་འཐག་གི་ཉམས་འགྱུར།

ན་ནིང་དབྱར་ཁ་ནས་ད་བར། སྔོན་མངགས་བྱས་ནས་རུམ་འཐག་བཟོ་གྲྭར་ལྟ་སྐོར་ལ་ཡོང་མཁན་གཙོ་བོ་སྒེར་གྱི་སྨྱན་སྦྱོར་གྱི་པོད་བདག་དང་། བོད་རུམ་རིག་གནས་ལ་དགའ་པོ་བྱེད་མཁན། མི་རིགས་རིག་གནས་ཞིབ་འཇུག་ཁ་ཕྱོགས་སུ་བྱེད་པའི་མཐོ་སློབ་ཀྱི་དགེ་སློབ་སོགས་ཡིན་པ་རེད། སྔོན་མངགས་ཀྱི་བྱ་ཐབས་སྤྱོད་དོན་ནི། གཙོ་བོ་ཕྱོགས་གཉིས་པོར་དུས་ཚོད་འདང་ངེས་ཡོད་པར་བྱས་ནས་ལྟ་སྐོར་བ་ཚོར་ལྟ་སྐོར་གྱི་ཉམས་ལེན་ལྷོད་ལྷོད་ཅིག་ཡོང་ཆེད་ཡིན། “སྤྱིར་བཏང་དབྱར་དུས་སུ་ཡོང་མཁན་མང་ཆེ་བ་ཡུལ་སྐོར་བ་ཡིན་པ་དང་། སྟོན་དགུན་གཉིས་སུ་གྲོང་མི་མང་ཚོགས་ཡོང་མཁན་མང་པོ་ཡོད། དཔྱིད་དུས་སུ་ཞིབ་འཇུག་པ་ཡོང་མཁན་ཅུང་མང་བ་ཡོད། མདོར་ན། ཉིན་ལྟར་ལྟ་སྐོར་སྔོན་མངགས་བྱེད་མཁན་མང་པོ་ཡོད”ཅེས་ལྷ་ས་གྲོང་ཁྱེར་གྱི་ནུབ་འདབས་སུ་གནས་པའི་ཁ་བ་ཅན་རུམ་འཐག་བཟོ་གྲྭའི་འགན་འཁུར་བ་ཀྲེང་དབྱིས་བཤད།

ད་ཆ་རུམ་འཐག་བཟོ་གྲྭ་འདི་ཉིད་ལྷ་སའི་བྱང་བུ་གལ་ཆེན་ལ་གྱུར་ཡོད། ལས་དོན་མི་སྣས་ངོ་སྤྲོད་ཞིབ་ཕྲ་བྱས་པའི་ཁར། ཡུལ་དངོས་ཀྱི་མྱོང་རོལ་བརྒྱུད་ལྟ་སྐོར་བས་པར་རིས་དང་ཡི་གེ་མཉམ་དུ་བཀོད་ནས“རང་ཉིད་ཀྱི་མྱོང་བ”སྤྱི་ཚོགས་འབྲེལ་བའི་སྟེགས་བུར་ཁྱབ་བསྒྲགས་བྱས་པར་བརྟེན། ཧྥེན་སི་མང་པོའི་བསྔགས་བརྗོད་ཐོབ་པ་མ་ཟད། དཔྱད་གཏམ་ཡང་བཀོད་ཡོད། དེས་མ་ཚད་ལྟ་སྐོར་བ་མི་ཉུང་བ་ཞིག་གིས“ང་ཚོས་འཐག་ན་འགྲིག་གམ”ཞེས་བརྗོད་ཀྱི་ཡོད། འོན་ཀྱང་མིག་སྔར་མི་ཤུགས་དང་འཁོར་ཁང་གི་ཁོར་ཡུག་སོགས་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་དབང་གིས་ལྟ་སྐོར་བའི་རེ་བ་སྐོང་ཐབས་བྲལ་ཡོད། སླད་ཕྱིན་ཁ་བ་ཅན་རུམ་འཐག་བཟོ་གྲྭས་ལྟ་སྐོར་སྔོན་མངགས་ཀྱི་རྨང་གཞིའི་ཐོག་བོད་རུམ་འཐག་སྟངས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་རེད།

【བཟོ་གྲྭ་རྙིང་པ】ལོ་རྒྱུས་ཡུན་རིང་ལྡན་པའི་རུམ་འཐག་བཟོ་གྲྭ

ཁ་བ་ཅན་རུམ་འཐག་བཟོ་གྲྭ་1994ལོའི་ཟླ་6ཚེས་1ཉིན་བཙུགས་པ་དང་། ད་བར་ལོ་སུམ་ཅུ་འགྲོ་གི་ཡོད། ལོ་ཟླའི་རྗེས་ཤུལ་གསལ་པོར་མངོན་པའི་ཤིང་གི་སྒོ་བྱང་ལས་སྒོ་རའི་འདས་སོང་གི་ལོ་རྒྱུས་མཚོན་ཡོད། སྒོ་རའི་ནང་འབྱོར་དུས་ཐོག་སོ་གཉིས་ལྡན་གྱི་གྲོང་མིའི་ཤག་སྐོར་སྒོ་ར་གྲུ་བཞིའི་དབུས་སུ་བཏགས་མ་ཐག་པའི་ཁ་གདན་ཁ་ཤས་སྐམ་འདུག ཁམ་བུའི་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་བའི་སྒོ་ར་འདི་ནི་ཁ་བ་ཅན་རུམ་འཐག་བཟོ་གྲྭ་ཡིན་ལ། རུམ་འཐག་བཟོ་གྲྭའི་ལས་མི་ཚང་མའི་སྡོད་གནས་ཀྱང་རེད།

ཁྲ་སིལ་དང་ཕན་ཐོགས་བཟའ་ཟླ་གཉིས་བཟོ་གྲྭ་བཙུགས་པའི་ལོ་དེར་རུམ་འཐག་བཟོ་གྲྭའི་བཟོ་པར་གྱུར་པ་མ་ཟད། སྒོ་ར་དེའི་ནང་འཚོ་བ་བསྐྱལ་ནས་སྡོད་ཀྱི་ཡོད། ཁོང་གཉིས་ཀྱི་ཕྲུ་གུ་བྱང་ཤར་དུ་སློབ་ཆེན་འགྲིམ་བཞིན་ཡོད། “ང་རང་ལོ་ན་གཞོན་པའི་སྐབས་སུ་དེ་གར་ལས་ཀ་བྱེད་པ་དང་། ཕྲུ་གུ་ཡང་དེ་གར་སྐྱེས་པ་རེད། ད་བར་ང་ཚོ་ནང་མི་ཚང་མ་དེ་གར་སྡོད་ཀྱི་ཡོད”ཅེས་ཁྲ་སིལ་གྱིས་སེམས་འགུལ་ཆེན་པོས་བཤད། སྒོ་རའི་ནང་གི་མི་ཚང་མ་ལས་རོགས་ཡིན་ལ་ཁྱིམ་མཚེས་ཀྱང་ཡིན་པས། ཧ་ཅང་འཆམ་པོ་ཡོད།

ལོ་བཅུ་གྲངས་ཉིན་གཅིག་ལྟར་འཐག་མཁན་ཚོས་བཏགས་པའི་བོད་རུམ་རེ་རེའི་རྒྱབ་ཏུ་ཁོང་ཚོའི་དཀའ་ལས་ཀྱི་རྔུལ་ཆུ་འདུས་ཡོད། 2024ལོའི་ལོ་འགོར་བོད་ཀྱི་རིག་གནས་སྒྱུ་རྩལ་སྤུས་རྟགས“ཐི་ཧུའུ”ཡིས་ཁ་བ་ཅན་རུམ་འཐག་བཟོ་གྲྭ་དང་ཉར་ཚགས་མཁས་པ་པ་ནོར་དང་མཉམ་དུ་གཉེར་བའི“གཡོ་འཁྱོམ་དང་ཚད་བརྒལ། དཔྱིད་གསར་དུས་ཆེན་གྱི་འབྲུག་རིས་བོད་རུམ་ཆེད་དོན་འགྲེམས་སྟོན”དེ་ཧྲང་ཧའེ་རུ་འགོ་ཚུགས་པ་རེད། དེ་ནི་རུམ་འཐག་བཟོ་གྲྭའི་འཕོ་འགྱུར་གསར་པ་ཞིག་རེད་ཅེས་ཀྲེང་དབྱིས་བརྗོད།

【བགྲེས་སོང】སྐྱིད་སྡུག་མཉམ་མྱོང་གི་རུམ་འཐག་དགེ་རྒན།

བོད་ཀྱི་ས་གནས་གང་སར་བོད་རུམ་ཐོན་སྐྱེད་བྱེད་མཁན་ཡོད། དེའི་ཁྲོད་ལྷ་ས་དང་རྒྱལ་རྩེའི་འཐག་རྩལ་གང་སར་སྐད་གྲགས་ཆོད་ཡོད། ཁ་བ་ཅན་རུམ་འཐག་བཟོ་གྲྭའི་འཐག་མཁན་མང་ཆེ་བ་ས་ཆ་དེ་གཉིས་ནས་ཡིན་ཞིང་། སྲོལ་རྒྱུན་གྱི་བོད་བཟོའི་བསླས་འཐག་ལག་རྩལ་སྤྱད་ནས་བོད་རུམ་འཐག་ཡུན་ལོ་20འདས་པ་ཤ་སྟག་ཡིན་པས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། བོད་རུམ་འཐག་པའི་ལས་རིམ་ནི། བལ་འདེམས་པ་དང་། བལ་ཤད་པ། སྐུད་པ་འཁེལ་བ། ཚོས་རྒྱག་པ། ལག་པས་སྤུན་དོག་སྡོག་པ། འཁེལ་འཐག ཇེམ་ཙེ་རྒྱག་པ་བཅས་ནས་མཐའ་མའི་གཙང་འཁྲུད་དང་སྐམ་པའི་བར་ནི་ལག་ཤེས་པ་དེ་དག་གི་ལག་ནས་ཐོན་པ་ཤ་སྟག་རེད།

ད་ལོ་ལོ་55ལ་སླེབས་པའི་ཕུར་བུ་དོན་གྲུབ་ནི་རྒྱལ་རྩེ་རྫོང་གི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་ལོ་12ལ་སླེབས་སྐབས་ཁྱིམ་གྱི་ཆ་རྐྱེན་ཞན་པས་མུ་མཐུད་སློབ་གྲྭར་སྐྱོད་ཐབས་བྲལ། དེ་རྗེས་ཁོང་རྒྱལ་རྩེ་རུམ་འཐག་བཟོ་གྲྭར་བསླས་འཐག་ལག་རྩལ་སྦྱོང་བར་བསྐྱོད། ལོ་གསུམ་རིང་ཐོག་མའི་བསླས་འཐག་ལག་རྩལ་སྦྱངས་པ་དང་། ལོ་གཅིག་རིང་རི་མོ་འབྲི་སྟངས་སྦྱངས་ལ། ལོ་གཅིག་རིང་ཇེམ་ཙེ་རྒྱག་སྟངས་སྦྱངས། ལོ་ལྔ་སོང་རྗེས་ཁོང་རྒྱལ་རྩེ་རུམ་འཐག་བཟོ་གྲྭ་ནས་མཐར་ཕྱིན་རྗེས་ལྷ་སར་བོད་རུམ་བཏགས་ནས་འཚོ་བ་སྐྱེལ་འགོ་ཚུགས། 1993ལོར་ཁོང་གིས་ཁ་བ་ཅན་རུམ་འཐག་བཟོ་གྲྭ་འཛུགས་པའི་གྲ་སྒྲིག་ལས་ཀའི་འགན་འཁུར་བ་རེད། ཕུར་བུ་དོན་གྲུབ་ནི་ཁ་བ་ཅན་རུམ་འཐག་བཟོ་གྲྭའི་དགེ་རྒན་རྒན་གྲས་རེད་ཅེས་བརྗོད་ཆོག་ལ། ལོ་30ཡི་གོང་ཕུར་བུ་དོན་གྲུབ་སྒོ་ར་དེའི་ནང་བསྡད་པ་དང་ད་ཆ་སྔར་བཞིན་དེ་གར་བོད་རུམ་འཐག་ནས་སྡོད་ཀྱི་ཡོད།

ཕུར་བུ་དོན་གྲུབ་ཀྱིས་བྱང་ཆུབ་ཤོས་ནི་སྟག་རིས་ཁ་གདན་འཐག་རྒྱུ་དེ་ཡིན་མོད། འོན་ཀྱང་ད་ཆ་ཁོང་གིས་སྟག་རིས་ཁ་གདན་དང་འབྲུག་རིས་ཁ་གདན་འཐག་ཉུང་ཉུང་ཡིན་པ་དང་གཙོ་བོ་ཇེམ་ཙེ་རྒྱག་རྩལ་གྱི་འགན་འཁུར་གྱི་ཡོད། “གཞོན་ནུ་ཚོར་གོ་སྐབས་མང་ཙམ་སྤྲོད་དགོས་ན། ཁོང་ཚོར་དངོས་སུ་ལག་ལེན་བསྟར་དུ་འཇུག་ཚེ་གཞི་ནས་ཡར་རྒྱས་ཡོང་ཐུབ” བཟོ་གྲྭའི་ནང་གི་འཁེལ་འཐག་པ་ཕྱེད་ཀ་ཙམ་ནི་ཕུར་བུ་དོན་གྲུབ་ཀྱི་སློབ་མ་རེད།

ལོ་སུམ་ཅུའི་རིང་། ཕུར་བུ་དོན་གྲུབ་སྒོ་ར་ཆེན་པོ་དེའི་ནང་འཁེལ་འཐག་གི་སྒྲའི་ཁྲོད་འཚོ་བ་བསྐྱལ་ཡོད། བཟོ་གྲྭ་འཛུགས་པ་དང་། བཟོ་གྲྭ་སྲུང་བ། “བཟོ་གྲྭ་རང་ཁྱིམ་ལ་བརྩི་བ”བཅས་ནི་ཁོང་གི་བྱ་གཞག་ངོ་མ་དེ་རེད།

【བོད་རུམ་རྙིང་པ】བོད་རུམ་ཚང་མར་IDལག་ཁྱེར་རེ་ཡོད་པ།

རུམ་འཐག་བཟོ་གྲྭའི་འགྲེམས་སྟོན་ཚོམས་ཆེན་དུ། ཕོ་བྲང་པོ་ཏ་ལ་བཀོད་པའི་བོད་རུམ་ཞིག་བཀལ་འདུག “བོད་རུམ་དེ་བཀལ་ནས་ལོ་བཅུ་སོང་ཡང་འགྱུར་ལྡོག་གང་ཡང་ཕྱིན་མེད། དེ་ཐོག་ནས་སྤུས་ཀ་ཧ་ཅང་ཡག་པོ་ཡོད་པ་མཚོན་གྱི་ཡོད”ཅེས་ཁ་བ་ཅན་རུམ་འཐག་བཟོ་གྲྭའི་ལས་བཟོ་ཕེང་ཀྲི་ཧུང་གིས་བཤད།

བོད་རུམ་དེ་བཟོ་གྲྭའི་ནང་གི་འཐག་མཁན་ཁ་ཤས་ཀྱིས་2014ལོར་མཉམ་དུ་བཏགས་པ་རེད། ངས་གསལ་པོ་དེ་འདྲ་ཤོད་ཐུབ་དོན་ནི། བོད་རུམ་མི་རེ་ངོ་རེར་ཨང་རྟགས་རེ་ཡོད་པ་དང་། བཏགས་པའི་དུས་ཚོད་དང་། ཇུས་འགོད་གོ་རིམ་ཨང་གྲངས། ཚད་གཞི་སོགས་ཆ་འཕྲིན་ནང་གསལ་པོ་བཀོད་ཡོད། “ཕོ་བྲང་པོ་ཏ་ལའི”རི་མོ་འཁོད་པའི་བོད་རུམ་དེར་དཔེ་བཞག་ན། 2014ལོར་བཏགས་པའི་བོད་རུམ་ཨང་26པ་ཡིན་པ་དང་ཚད་གཞི་ནི་ལི་སྨི་250×183རེད་ཅེས་ཕུར་བུ་དོན་གྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད། ལོ་སུམ་ཅུའི་རིང་། རུམ་འཐག་བཟོ་གྲྭས་སྔ་རྗེས་སུ་སྲོལ་རྒྱུན་གྱི་མེ་ཏོག་དང་། རྩྭ་རྩི་ཤིང་། དབྱིབས་རྩིས་རི་མོ། སྲོག་ཆགས་ཀྱི་གདོད་མའི་མཚོན་ཆོས། རང་བྱུང་ཁྲ་རིས་སོགས་མཚོན་བྱེད་དུ་བྱས་པའི་རི་མོ་རྩེ་གྲ་ཇུས་འགོད་དང་བཏགས་ནས་རྒྱ་ཆེའི་འཛད་སྤྱོད་པར་འདེམས་ཉོ་བྱ་རྒྱུར་མཁོ་འདོན་བྱས་ཡོད།

འགྲེམས་སྟོན་ཚོམས་ཆེན་དུ། ལྟ་སྐོར་བས་ལོ་ཉི་ཤུ་སུམ་ཅུ་ལྷག་ཙམ་སོང་བའི་བོད་རུམ་རྙིང་པར་མྱོང་རོལ་བྱེད་ཐུབ། དེ་སྔ་སྔོན་མངགས་ལྟ་སྐོར་བྱེད་རིང་ལྟ་སྐོར་བ་མི་ཉུང་བ་ཞིག་གིས་ཀྱང་བོད་རུམ་རྙིང་པ་དེ་དག་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “ཉེ་བའི་ལོ་ཤས་རིང་། བོད་རུམ་རྙིང་པ་ཉར་ཚགས་བྱེད་མཁན་རིམ་བཞིན་མང་དུ་ཕྱིན་པ་དང་། ཉར་ཚགས་པ་ཁག་གཅིག་གིས་ཆེད་མངགས་ལོ་ཟླའི་ཉམས་སྣང་ལྡན་པའི་བོད་རུམ་རྙིང་པ་ཉར་གྱི་ཡོད། གང་ལགས་ཤེ་ན། བོད་རུམ་རྙིང་པ་རེ་རེ་ནི་ཐུན་མོང་མིན་པའི་ལག་ཤེས་ཐོན་རྫས་རེ་རེ་ཡིན་པས་ཉར་ཚགས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ཡོད”ཅེས་ཀྲེང་དབྱིས་བཤད།

ཉེ་ཆར། ཀྲེང་དབྱི་ལས་བྲེལ་ཧ་ཅང་ཆེན་པོ་ཡོད་ཅིང་། ཁོང་གིས“བོད་ཀྱི་རྙིང་ཁུངས་མིང་ཅན”གྱི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་རེ་ཞུ་བྱེད་རྩིས་བྱེད་བཞིན་ཡོད། “རེ་ཞུའི་ཆ་རྐྱེན་ཁྲོད་ཀྱི་ནང་གསེས་གཅིག་ནི་རྙིང་ཁུངས་མིང་ཅན་རྒྱུན་འཛིན་བྱས་ནས་ལོ་30ཟིན་དགོས་པ་དེ་ཡིན་ལ། འདི་ལོ་ཁ་བ་ཅན་བཙུགས་ནས་ལོ་སུམ་ཅུ་ཏག་ཏག་སོང་ཡོད”ཅེས་ཀྲེང་དབྱི་ཡིས་བཤད། ཁོང་གིས་གལ་ཏེ་རུམ་འཐག་བཟོ་གྲྭ་དེ་མི་ཞིག་ལ་ཆ་མཚོན་ན་འདི་ལོ་ནི་ཁ་བ་ཅན“ལོ་སུམ་ཅུར་སོན་པའི་དར་མ”ཞིག་རེད། སླད་ཕྱིན་རུམ་འཐག་བཟོ་གྲྭ་བོད་རུམ་རིག་གནས་འགྲེམས་སྟོན་བྱེད་སའི་སྒེའུ་ཁུང་ཞིག་ཏུ་འགྱུར་བའི་རེ་བ་ཡོད་ཅེས་བཤད།