འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་14པ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག 《རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གཙོ་གནད་གྲོས་གཞི་སྒྲུབ་སྐུལ་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཚོཌ་འདུའི་ཐོག་ནན་བཤད་བྱས་དོན། ང་ཚོས་གྲོས་གཞི་སྒྲུབ་སྐུལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འབྲེལ་གཏུག་དང་གྲོས་མོལ་གཏིང་ཟབ་བྱེད་པ་དང་འབྲེལ། གཙོ་གནད་གྲོས་གཞི་སྒྲུབ་གཉེར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཐུན་མོང་གི་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་མཉམ་ཤུགས་གཅིག་སྡུད་བྱེད་དགོས་པ་དང་། ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་གཙོ་གནད་གྲོས་གཞི་སྒྲུབ་གཉེར་དང་གྲོས་མོལ་བྱེད་པའི་བརྒྱུད་རིམ་དང་དོན་འཁྱོལ་ནུས་ལྡན་བྱས་པ་བརྒྱུད། ཨུ་ཡོན་དང་སྤྱི་ཚོགས་ལས་རིགས་ཁག་གོ་རིམ་ལྡན་པའི་ངང་དེའི་ཁྲོད་ཞུགས་པ་དང་དམངས་གཙོ་དངོས་ཡོད་དང་སྤྱོད་གོ་ཆོད་པའི་འགན་ལེན་བྱས་ནས་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོའི་སྐྱེ་སྟོབས་དང་གསོན་ཤུགས་དངོས་སུ་མངོན་པར་བྱེད་དགོས་པ། སྒྲུབ་གཉེར་ལས་ཕྱོད་ཆེ་རུ་བཏང་སྟེ། སྒྲུབ་འགན་འཁུར་མཁན་སྡེ་ཚན་ཁག་གིས་གཙོ་གནད་གྲོས་གཞི་སྒྲུབ་གཉེར་དེ་སྡེ་ཚན་གྱི་འགན་ནུས་ལག་བསྟར་དང་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་ནས། གཙོ་གནད་གྲོས་གཞི་སྒྲུབ་གཉེར་དང་རྒྱུན་གཏན་གྱི་ལས་ཀར་ཕྱོགས་གཉིས་ཀར་སྐུལ་འདེད་དང་ཐུན་མོང་ཐོག་དོན་འཁྱོལ་བྱེད་པ་དང་སྒྲུབ་གཉེར་གྲུབ་འབྲས་བསྒྱུར་བའི“མཐའ་མའི་འགག་གནད”ཤར་བགྲོད་བྱས་ཏེ། གྲོས་གཞི་སྒྲུབ་གཉེར་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་དེ་བས་ལེགས་པར་སྒྱུར་དགོས།
(ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)