《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月18日

ནུས་རྒྱུ་གསར་པའི་འགྲིམ་འགྲུལ་ཡོ་བྱད་ལས། ལྗང་མདོག་ཕྱིར་སྐྱོད་དེ་བས་སྟབས་བདེར་གྱུར།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྗང་མདོག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་། རྒྱུན་མཐུད་རུང་བའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས། དབྱང་གཉིས་ཐཱན་འགྱུར་འབུད་ཚད་རྒྱུན་ཆད་མེད་པར་ཉུང་དུ་གཏོང་བ་བཅས་བྱས་པས་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་དུ་ནུས་གསར་སྤྱི་སྤྱོད་རླངས་འཁོར་ཁྱབ་ཚད་100%ཟིན་པ་དང་ནུས་གསར་བོགས་གཏོང་རླངས་འཁོར་རིམ་པས་སྤྱོད་འགོ་ཚུགས་ཤིང་། ནུས་གསར་དྲ་འབོད་གླ་འཁོར་གྱིས་59%བཟུང་ཡོད།

ནུས་གསར་སྤྱི་སྤྱོད་རླངས་འཁོར་ཁྱོན་ཡོངས་ལ་ཁྱབ་པ།

རྒྱལ་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཡག་ཤོས་བཀྲ་ཤིས་ནོར་བུས་ལྷ་སར་སྤྱི་སྤྱོད་རླངས་འཁོར་བཏང་ནས་ལོ་13སོང་ཞིང་། ཁྲའེ་ཡིའུ་སྣུམ་དང་གློག་སྒུལ་གྱི་སྤྱི་སྤྱོད་རླངས་འཁོར་ཚང་མ་བཏང་མྱོང་ཡོད་པས་ལྷ་སའི་སྤྱི་སྤྱོད་རླངས་འཁོར་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དཔང་པོ་བྱེད་ཐུབ།

“མིག་སྔར་ལྷ་སའི་སྤྱི་སྤྱོད་རླངས་འཁོར་ཚང་མ་ནུས་གསར་རླངས་འཁོར་ཡིན་པས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པ་མ་ཟད། སྐྱིད་སྣང་དོད་པ་དང་མཛེས་པོ་ཡོད”ཅེས་བཀྲ་ཤིས་ནོར་བུས་བཤད། 2014ལོར་ལྷ་སས་ནུས་གསར་སྤྱི་སྤྱོད་རླངས་འཁོར་4སྤྱད་ནས་ཚོད་ལྟ་གཉེར་སྐྱོང་བྱས་ཡོད། ཚོད་ལྟ་གཉེར་སྐྱོང་བྱས་རྗེས་ལྷ་སའི་སྤྱི་སྤྱོད་རླངས་འཁོར་མཉམ་འབྲེལ་རླངས་འཁོར་ཁེ་ལས་ཀྱིས་རླངས་འཁོར་ལ་སྒྱུར་བཀོད་རབ་དང་རིམ་པ་བྱས་པ་དང་འབྲེལ། 2015ལོར་ནུས་གསར་སྤྱི་སྤྱོད་རླངས་འཁོར་149དངོས་སུ་སྤྱོད་འགོ་ཚུགས་པ་དང་། དེ་རྗེས་ལོ་5བསྟུད་མར་ནུས་གསར་སྤྱི་སྤྱོད་རླངས་འཁོར་འབོར་ཆེན་ཉོས་པ་དང་2021ལོར་ལྷ་ས་གྲོང་ཁྱེར་གྱི་ནུས་གསར་སྤྱི་སྤྱོད་རླངས་འཁོར་ཕྱོགས་ཡོངས་ལ་ཁྱབ་ཡོད།

ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་ཁྱོན་562ཡོད་ཅིང་། འགྲུལ་པ་མང་དུ་ཕྱིན་པ་དང་བསྟུན་ནས་མི་རིང་བར་ནུས་གསར་སྤྱི་སྤྱོད་རླངས་འཁོར་40ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་ལྷ་སར་འབྱོར་ནས་སྤྱོད་འགོ་ཚུགས་རྒྱུ་རེད།

ནུས་གསར་རླངས་འཁོར་མགྱོགས་མྱུར་ཁྱབ་གདལ་བཏང་བ།

ཉེ་ཆར། གསར་འགོད་པས་བོད་ལྗོངས་ལམ་སེང་སླེབས་ཡོང་རླངས་འཁོར་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་ཀུང་སི་དེས་ནུས་གསར་གློག་སྒུལ་གླ་འཁོར་200ལྷག་ཙམ་སྤྱོད་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་འདི་ལོ་གློག་སྒུལ་གླ་འཁོར་500སྤྱོད་རྒྱུ་རེད།

“གློག་སྒུལ་གླ་འཁོར་ཡག་པོ་འདུག གཉེར་སྐྱོང་གི་མ་གནས་གྲོན་ཆུང་ཐུབ་པ་དང་། རླངས་འཁོར་གཏོང་བདེ་བ་མ་ཟད། བདེ་པོའང་འདུག”ཅེས་བཤད།

བོགས་གཏོང་རླངས་འཁོར་གཏོང་མཁན་ཁ་ལོ་བ་ནོར་བུས“གློག་སྒུལ་གླ་འཁོར་བཏང་ནས་ལོ་ཕྱེད་ལྷག་ཙམ་ཕྱིན་སོང་། ཚན་པས་ང་ཚོར་གློག་གསོག་ས་མཁོ་འདོན་བྱས་པས་ཧ་ཅང་སྟབས་བདེ་འདུག”ཅེས་བཤད།

ནུས་གསར་རླངས་འཁོར་ཁྱབ་གདལ་དང་སྤྱོད་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་དང་། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས། ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་དར་སྤེལ་བཅས་ཀྱི་བྱ་ཐབས་ནུས་ལྡན་ཞིག་རེད་ལ། ལྗང་མདོག་འགྲིམ་འགྲུལ་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཀྱང་རེད། ད་ཆ་དྲ་འབོད་གླ་འཁོར་ལ་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད་པས་ནུས་གསར་དྲ་འབོད་གླ་འཁོར་ཁྱབ་གདལ་ཤུགས་ཆེན་བཏང་ཚེ། འགྲུལ་པ་ཚོར་སྔར་བས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དང་སྐྱིད་སྣང་དོད་པའི་ཕྱིར་སྐྱོད་ཀྱི་ཞབས་འདེགས་ཞུ་ཐུབ་ལ། ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་གྱི་ལྗང་མདོག་ཕྱིར་སྐྱོད་ཆུ་ཚད་ཀྱང་མཐོ་རུ་ནུས་ལྡན་གཏོང་ཐུབ། གསར་འགོད་པས་ལྷ་ས་གྲོང་ཁྱེར་འགྲོ་ལམ་སྐྱེལ་འདྲེན་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་དུ་ནུས་གསར་དྲ་འབོད་གླ་འཁོར་2055ཡོད་པ་དེས་59%བཟུང་ཡོད།

གློག་སྒུལ་སྦག་སྦག་དང་རྐང་འཁོར་ལ་དགའ་པོ་བྱེད་མཁན་མང་བ།

ལྗང་མདོག་དང་། ཐཱན་ཉུང་། ནུས་རྒྱུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཕྱིར་སྐྱོད་དར་སྤེལ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་ནུས་གསར་སྤྱི་སྤྱོད་རླངས་འཁོར་མང་དུ་བཏང་བའི་རྨང་གཞིའི་ཐོག མཉམ་སྤྱོད་གློག་སྒུལ་སྦག་སྦག་འབོར་ཆེན་བཀོད་སྒྲིག་བྱས་ནས་ཕྱིར་སྐྱོད་ཞབས་ཞུའི“མཐའ་མའི་འགག་གནད”བསལ་ཡོད། ལམ་ཐག་ཉེ་བའི་ངོས་ནས་བརྗོད་ན་མཉམ་སྤྱོད་གློག་སྒུལ་སྦག་སྦག་གིས་གྲོང་མིའི་རྒྱུན་གཏན་གྱི་ཕྱིར་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

ཁོར་ཡུག་སྲུང་སྐྱོང་དང་སྟབས་བདེའི་གློག་སྒུལ་སྦག་སྦག་ཕུད་ད་ལྟ་མི་མང་པོ་ཞིག་གིས་རྐང་འཁོར་བཞོན་ནས་ཕྱིར་བསྐྱོད་རྒྱུར་དགའ་པོ་བྱེད་ཀྱི་ཡོད། གྲོང་མི་ཝང་ལགས་ནི“དགུ་བཅུ་ནང་སྐྱེས”ཡིན་པ་དང་ཁོང་གིས་རྒྱུན་དུ་རྐང་འཁོར་བཞོན་ནས་ལས་ཀར་འགྲོ་ཡི་ཡོད། “ང་ཉིན་གང་གློག་ཀླད་ཀྱི་མདུན་དུ་ལས་ཀ་བྱས་ནས་སྡོད་ཀྱི་ཡོད། རྒྱུན་དུ་རྐང་འཁོར་བཞོན་ནས་ལས་ཀར་སྐྱོད་སྐབས་ཧ་ཅང་སྟབས་བདེ་འདུག་ལ་གཟུགས་པོར་སྦྱོང་བརྡར་ཡང་ཐེབས་ཀྱི་འདུག ལས་རོགས་མང་པོ་ཞིག་རྐང་འཁོར་བཞོན་ནས་ཕྱིར་བསྐྱོད་རྒྱུར་དགའ་བས་ཁོང་ཚོ་དང་མཉམ་དུ་རྐང་འཁོར་བཞོན་ནས་ལྷ་སའི་ཉེ་འཁོར་དུ་འཆམ་འཆམ་ལ་འགྲོ་གི་ཡོད”ཅེས་གྲོང་མི་ཝང་ལགས་ཀྱིས་བཤད།

ལྷ་སའི་ཁྲོམ་གཞུང་གང་སར་ནུས་གསར་སྤྱི་སྤྱོད་རླངས་འཁོར་དང་། རླངས་འཁོར་ཆུང་གྲས། གློག་སྒུལ་སྦག་སྦག་བཅས་མཐོང་རྒྱུ་ཡོད། ནུས་ཟད་རླངས་འཁོར་གཏོང་བ་ནས་ལྗང་མདོག་ཕྱིར་སྐྱོད་པའི་བར་དང་ལུས་པོར་སྦྱོང་བརྡར་བྱེད་པ་ནས་རྒྱུན་དུ་རྐང་འཁོར་བཞོན་པ་དང་རྐང་ཐང་མར་སྐྱོད་པའི་བར་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་གྲོང་མི་མང་པོའི་བྱ་སྤྱོད་དུ་གྱུར་པ་མ་ཟད། དར་སྲོལ་དང་རླབས་རྒྱུན་ཞིག་ཏུའང་གྱུར་ཡོད།

(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)