“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་14ནས་16ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་སྨན་གླིང་གྲོང་ཁྱེར་དང་། སྣང་རྫོང་། བྲག་ཡིབ་ཆུས་བཅས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ། ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ་བྱེད་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་ཟླ་བ་ཚེ་རིང་འབྲེལ་ཡོད་ཀྱི་བྱེད་སྒོར་ཞུགས་པ་རེད།
གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཐོན་ལས་དར་རྒྱས་ཡོང་བ་བྱ་རྒྱུ་ནི་གཙོ་གནད་ཡིན་ཞིང་། ཝང་ཅུན་ཀྲེང་སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་བམ་གྲོང་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་སྐབས་དྲོད་ཁང་ཆེ་མོའི་ནང་སྙི་བར་མྱུ་གུ་འབུས་ནས་སྐྱེ་འཚར་ཧ་ཅང་ཡག་པོ་ཡོད། “ལག་རྩལ་ཚང་མ་ཤེས་སོང་ངམ། ལོ་ལྟར་ཡོང་འབབ་ག་ཚོད་འདུག་གམ”ཞེས་གྲོང་མིས་ལས་ཀ་བྱས་པ་བརྒྱུད་ལོ་རེའི་ཡོང་འབབ་སྒོར་ཁྲི་ཁ་ཤས་ཟིན་པ་མཁྱེན་སྐབས། ཝང་ཅུན་ཀྲེང་གིས“སྒོ་རྩའི”ཐོན་ལས་དེ་རིགས་ལས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་ཐུབ་པར་ཁས་ལེན་གནང་བ་རེད། ཉེ་བའི་ལོ་ཤས་རིང་། སྣང་རྫོང་གདོང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོས“སྒོ་རའི་དཔལ་འབྱོར”འཕེལ་རྒྱས་གཏོང་བ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཚགས་བྱས་ནས“བེད་མེད་ས་ཆ”དེ“འབབ་འཕར་ཡོང་བའི་ས་ཆར”བསྒྱུར་བར་བྱས་ཡོད། གྲོང་མི་བག་བྲོའི་སྒོ་རའི་ནང་སྔོ་ལྗང་ཤིང་སྣའི་གོས་ཀྱིས་བཀླུབས་པ་དང་རླུང་བུ་བསིལ་བསིལ་དུ་ལྡང་བཞིན་འདུག ཝང་ཅུན་ཀྲེང་གིས། བག་བྲོས་བཤད་པའི་དཀྲོགས་གྲོང་ཚོ་དང་མི་སྒེར་གྱི་ཁྱིམ་ཚང་ཕྱུག་འགྱུར་གྱི་བརྒྱུད་རིམ་སྐོར་གསན་པ་དང་། ཁོང་གིས་བག་བྲོས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་གྲོང་མི་རྣམས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་འགྲོ་རྒྱུའི་ཐུགས་རེ་བཏོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་གྱིས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་ནས་ས་གནས་ས་ཐོག་ཏུ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་ཚགས་ཚུད། བཀོད་གཏོང་ལ་ཤུགས་སྣོན། མྱུར་ཚད་མགྱོགས་གཏོང་བཅས་བྱས་ནས་ཨར་ལས་ཀྱི་སྤུས་ཚད་འགན་ལེན་བྱེད་དགོས། སྔོན་ཐོན་གྱི་ཚན་རིག་ལག་རྩལ་ལ་ཐོན་སྐྱེད་ཀྱི་ནུས་ཤུགས་དང་ཐོན་སྐྱེད་ཀྱི་ཕན་འབྲས་ལྡན་པ་བྱེད་པ་དང་གྲངས་འཛིན་ཅན་དང་རིག་ནུས་ཅན་སྤྱོད་མགྱོགས་སུ་བཏང་ནས། སྤུས་ཚད་མཐོ་བའི་ཨར་ལས་འཛུགས་སྐྲུན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱེད་པ། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཕྲལ་སྡོམ་ཐག་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
སྨན་གླིང་གྲོང་ཁྱེར་དང་བྲག་ཡིབ་ཆུས་སུ་ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་པ་དང་། སྙན་སེང་ལ་གསན་པ། མྱུར་ཚད་ལ་ཞིབ་བཤེར་གནང་བ། ཕན་འབྲས་ལ་གཟིགས་པ་བཅས་གྲོང་ཁྱེར་འཛུགས་སྐྲུན་གྱི་འཆར་འགོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཚད་གཞི་མཐོ་ཞིང་འགོ་འཛུགས་ས་མཐོ་བའི་སྒོ་ནས་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་འཛུགས་སྐྲུན་འཆར་འགོད་བྱས་ཏེ་གྲོང་ཁྱེར་འཆར་འགོད་ཀྱི་མཐུན་སྦྱོར་རང་བཞིན་དང་། འཐུས་ཚང་རང་བཞིན། ཁྱད་པར་རང་བཞིན་བཅས་ལ་སྣང་ཆེན་བྱེད་པ་དང་། ཡུལ་བབ་དང་བསྟུན་པ་དང་ཁྱད་ཆོས་གཏོད་པ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་ཉམས་འགྱུར་མངོན་པ་བཅས་བྱས་ཏེ། རྒྱ་ཆུང་ལ་ཁྱད་ཆོས་ལྡན་པ་དང་། རྒྱ་ཆུང་ལ་མཛེས་སྡུག་ལྡན་པ། རྒྱ་ཆུང་ལ་སྤུས་ཀ་དག་པ་བཅས་ཀྱི་ས་མཐོའི་ཁྱད་ལྡན་གྲོང་ཁྱེར་ཧུར་ཐག་གཏོད་དགོས། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་དང་ཐོན་ལས་ཀྱི་འདེགས་སྐྱོར་མངོན་གསལ་དོད་དུ་བཏང་ནས་ཆུ་ཚད་མཐོ་བའི་ཐོན་ལས་འཆར་འགོད་ཡག་པོ་བྱེད་པ་དང་། ཐོན་ལས་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ། ཕྱོགས་གཉིས་ནས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་ཁྱད་ལྡན་རིག་གནས་ཀྱི་ནང་དོན་གཏིང་ཟབ་པས་འཕེལ་རྒྱས་ཀྱི་གོ་སྐབས་ཡག་པོ་འཕྲད་ཡོད། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་བརྩི་སྲུང་དང་ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་བཏང་སྟེ་རང་འགུལ་ངང་ལས་ཀ་དེ་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་འཆར་འགོད་བྱེད་པ་དང་། འདུ་ཤེས་ཟམ་མི་ཆད་པར་གསར་བརྗེས་དང་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་ཀྱི་ལེགས་ཆར་གཞིས་ཚུགས་པ་དང་འབྱུང་འཕྲོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་སྲོལ་རྒྱུན་ཐོན་ལས་འབྱུང་འཕྲོད་དང་ཐཱན་ཉུང་ཕྱོགས་སྒྱུར་བྱེད་མགྱོགས་སུ་བཏང་སྟེ་ཡུལ་སྐོར་ལས་རིགས་དང་། ནུས་རྒྱུ་གཙང་མའི་ལས་རིགས། ཁྱད་ལྡན་འདེབས་གསོའི་ལས་རིགས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ཐོག་སྐྱེ་ཁམས་མཐུན་འཕྲོད་དང་། འབྱུང་འཕྲོད་ཐཱན་ཉུང་། ས་མཐོའི་ཁྱད་ལྡན་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སྒོ་དབྱེའི་དཔལ་འབྱོར་ལ་གསོན་ཤུགས་ཆེ་ཤོས་དང་སྒོ་དབྱེའི་ས་ཁུལ་ལ་འགྲན་རྩོད་ཆེན་པོ་ལྡན་པས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སྒོ་དབྱེའི་རིམ་པ་མཐོ་རུ་གཏོང་བ། སྒྱུར་བཅོས་གསར་གཏོད་ཀྱི་ཁེ་ཕན་སྔར་བས་ཆེ་རུ་གཏོང་བ། ཕྱར་བ་གྲུ་འདེགས་ཀྱིས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ། མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་དེ་རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན། སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་དོན་དངོས་ཏན་ཏིག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། དམངས་འཚོའི་མཐའ་ཚད་འགན་ལེན་བརྟན་པོ་དང་འཕྱུགས་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་མཐའ་འཁྱོངས་ཀྱིས་སྤྱི་འདོམས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། དོན་འཁྱོལ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་གྱི་སྤྱོད་ཚུལ་མཐའ་གཅིག་ཏུ་ཡོ་བསྲང་བཅས་བྱས་ཏེ། སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་སྔར་བས་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ཐོག ལས་བྱེད་པར་བྱ་བ་དངོས་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སེམས་ཤུགས་དེ་བས་མང་བ་ཡོང་ཐབས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ནུས་པ་དང་སྤྱོད་ཚུལ་འཛུགས་སྐྱོང་གཞི་རིམ་དུ་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་བཅོས་སྐྱོང་ནུས་ཆོད་ཆེ་རུ་གཏོང་བ། ཏང་སྲོལ་བཟང་པོར་བརྟེན་ནས་སྲིད་སྲོལ་ལ་སྐུལ་འདེད་དང་དམངས་སྲོལ་ལ་སྣེ་ཁྲིད་བཅས་བྱས་ཏེ་ཏང་ཡོན་ལ་སློབ་གསོ་ཐེབས་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། མང་ཚོགས་ལ་ཕན་པ་དངོས་ཐོབ་པ། འཕེལ་རྒྱས་ལ་ཕན་འབྲས་ཐོན་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ད་དུང་ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། (སྒྱུར་ཞུས་པ་བསོད་བདེ་ཆེ་བ་དང་མཚམས་གཅོད)