ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཁྱབ་ཁོངས་ཆུང་བའི་ཞལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་དབྱིན་ཐའེ་ཟམ་པའི་མདུན་དུ་ཕུའུ་ཅིང་ལ་ཕེབས་བསུ་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕེབས་ཞོར་དུ་བཀའ་མོལ་གནང་གིན་བསིལ་ཁང་ལ་གཟིགས་པ་དང་ཉམས་དགའ་བའི་ཡུལ་ལྗོངས་མྱོང་རོལ་གནང་།
ཞི་ཅིན་ཕིང་དང་ཕུའུ་ཅིང་ཆུ་འགྲམ་དུ་བཞུགས་ཏེ་ལྷན་དུ་གསོལ་ཇ་བཞེས་པ་དང་བག་ཕེབས་ཀྱི་རྣམ་པའི་ཁྲོད་ཐུན་མོང་ཐོག་དོ་ཁུར་གནང་བའི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།
ཞི་ཅིན་ཕིང་གིས། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕྲད་བཞིན་ཡོད་པ་དང་ཡོ་ལང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཡོད། རྒྱུན་ཆད་མེད་པར་འཕོ་འགྱུར་འགྲོ་བའི་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོ་དང་ཡོ་ལང་ཆེན་པོའི་མདུན་དུ་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་དུ་བསད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་དེ་བཞིན་རྒྱལ་ཁབ་གཞན་དག་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ཁྲིད་སྟོན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་མཉམ་དུ་སྲུང་སྐྱོང་བྱས་ནས་འཛམ་གླིང་ཞི་བདེ་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཕུའུ་ཅིང་གིས། ཀྲུང་གོའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་འགོག་ཐབས་བྲལ་ལ་ཕྱོགས་གཏོགས་གང་རུང་གིས་ཀྱང་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ལ་བཀག་འགོག་བྱེད་མི་ཐུབ།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་དེ་བཞིན“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་གཞན་དག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་དང་དེ་བས་འདྲ་མཉམ་དང་སྣེ་མང་ཅན་གྱི་འཛམ་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་དང་དེ་བཞིན་ཆབ་སྲིད་ཀྱི་ཐད་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་གནང་ལུགས་རྒྱས་བཤད་གནང་ཞིང་། ཁོང་གིས། གནད་དོན་གལ་ཆེན་གང་རུང་ཞིག་ཐག་གཅོད་བྱེད་པར་སྐབས་འཕྲལ་ཐག་གཅོད་བྱེད་དགོས་ལ་རྩ་བཅོས་ཀྱང་བྱེད་དགོས་པ་དང་། མིག་སྔར་བསམ་བློ་གཏོང་དགོས་ལ་ཕུགས་ལའང་བསམ་བློ་གཏོང་དགོས། ངས་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་པའི་ལྟེ་བ་ནི་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ཀྱི་ལྟ་བ་དར་སྤེལ་གཏོང་རྒྱུ་དེ་ཡིན། ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ཇུས་ནི་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་སྒྲོམ་གཞི་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཁས་ལེན་པ་དང་། ཕྱོགས་ཁག་འདྲ་མཉམ་ངང་ཞུགས་པ། ཇུས་གཞི་ཚང་མར་འདྲ་མཉམ་ངང་གྲོས་བསྡུར་བཅས་བྱེད་པའི་རྒྱལ་སྤྱིའི་ཞི་བའི་གྲོས་ཚོགས་དུས་ཐོག་ཏུ་འཚོག་རྒྱུར་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་བྱས་ཏེ། ཡུག་རེན་གྱི་གནད་དོན་ཆབ་སྲིད་ཐད་ནས་སྔ་ཙམ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ཕུའུ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱི་འབྲེལ་ཡོད་ལྟ་ཚུལ་དང་ལངས་ཕྱོགས་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་གནད་དོན་ཐད་འཛིན་པའི་ལུགས་མཐུན་དང་། དྲང་གཞག དོ་མཉམ་བཅས་ཀྱི་ལངས་ཕྱོགས་ལ་ཨུ་རུ་སུ་ཕྱོགས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་གནད་དོན་ཆབ་སྲིད་ཐད་ནས་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་མུ་མཐུད་འདོན་རྒྱུར་དགའ་བསུ་ཞུ་གི་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་གྲོས་མོལ་བརྒྱུད་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱེད་པར་གཞོལ་ནས་ལྷག་བསམ་རྣམ་དག་མཚོན་པར་བྱེད་འདོད་ཡོད་ལ། དེའི་ཐད་ཀྲུང་གོ་ཕྱོགས་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་ཀྱང་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཕུའུ་ཅིང་དང་ཕྱག་བཏང་ནས་ཞལ་གྱེས་ཞུས་ཤིང་། ཞི་ཅིན་ཕིང་གིས། ལོ་འདི་དག་རིང་ངེད་གཉིས་དབར་མཇལ་འཛོམས་ཐེངས་མང་བྱས་པ་དང་སྤེལ་རེས་བྱེད་རིམ་བཞིན་ཟོལ་མེད་གཏིང་ཟབ་དང་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། ངས་ཙུང་ཐུང་ཕུའུ་ཅིང་དང་མུ་མཐུད་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ཐུན་མོང་ཐོག་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ནས། དུས་རབས་གསར་པའི་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་རྒྱུ་དང་འཛམ་གླིང་གི་བདེ་འཇགས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་གྲོས་མོལ་བྱེད་རིང་ཧ་ཅང་དགའ་པོ་བྱུང་། ངེད་གཉིས་དབར་གྱི་སྤེལ་རེས་གཏིང་ཟབ་ལ་དོན་སྙིང་ཡང་ཆེན་པོ་ལྡན་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ངེད་གཉིས་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཡོང་བར་འགན་ལེན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)