《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月17日

ཐབས་མང་མཉམ་དུ་སྤྱད་ནས“ཤེས་རིག་བདག་དབང” དེ“རྒྱུ་ནོར”ལ་གྱུར་བར་བྱས་པ།

—— རང་ལྗོངས་ཀྱིས་ཤེས་རིག་བདག་དབང་སྲུང་སྐྱོང་གི་ནུས་ཕྱོད་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

འདི་ནི་ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལས་ཁུངས་ཀྱི་ཤེས་རིག་བདག་དབང་གཞུང་དོན་ཁང་གི་སྒོ་བྱང་ཕྱེ་བའི་མཛད་སྒོ་གཉེར་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་གྱིས་ཤེས་རིག་བདག་དབང“ཚོང་ར་དང་། ཁེ་ལས། ཁྲོམ་གཞུང”བཅས་སུ་དྲིལ་བསྒྲགས་བྱེད་བཞིན་པ།

2023ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ནུས་ལྡན་ཚོང་རྟགས་ཐོ་འགོད་བྱེད་ཚད་ཁ་གྲངས་61205ཟིན་པ་དེ་དུས་མཚུངས་ལས་9.7%འཕར་བ་དང་། ནུས་ལྡན་ཁེ་བེད་བདག་ཐོབ་ཁ་གྲངས་7853ཟིན་པ་དེ་དུས་མཚུངས་ལས་18.75%འཕར་བ། ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཁ་གྲངས་36ཡོད་པ། ས་ཁམས་མཚོན་རྟགས་བེད་སྤྱོད་ལ་བརྩི་བའི་མཉམ་སྡེབ་ཚོང་རྟགས་དང་ར་སྤྲོད་ཚོང་རྟགས་ཁ་གྲངས་151ཡོད་པ་རེད། སྤྱི་ཚོགས་ཡོངས་ཀྱིས་ཤེས་རིག་བདག་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པའི་རྣམ་པ་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད།

རྩེ་རིམ་ཇུས་འགོད་ཡག་པོ་བྱས་ནས་ཤེས་རིག་བདག་དབང་སྲུང་སྐྱོང་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་བ།

ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཤེས་རིག་བདག་དབང་ལས་དོན་ལ་ཚུགས་གནས་མཐོ་པོས་སྐུལ་འདེད་བཏང་ནས་རྩེ་རིམ་ཇུས་འགོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། དོན་གྲོས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱི་བློ་གྲོས་གཅིག་ཏུ་བསྡུ་བ། འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཤེས་རིག་བདག་དབང་སྲུང་སྐྱོང་ལས་དོན་ལ་སྲིད་ཇུས་ཀྱི་འགན་ལེན་བྱས་ཡོད།

《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཤེས་རིག་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད》བཟོས་ནས་ཁྱབ་བསྒྲགས་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱིས་2023ལོར〈ཤེས་རིག་བདག་དབང་གི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་རྩ་གནད(2021ལོ་ནས་2035བར)〉དང〈“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁབ་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད〉ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འཆར་གཞི》《2023ལོར་ཤེས་རིག་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གཙོ་གནད་ལས་ཀའི་བཀོད་སྒྲིག》བཟོས་ནས། 2023ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཀའི་དམིགས་ཚད་ལས་འགན་དང་ཞིབ་ཕྲའི་བྱེད་ཐབས་ཁ་གསལ་བཟོས་ཏེ། ཤེས་རིག་བདག་དབང་སྲུང་སྐྱོང་ལས་དོན་ལོ་གཉིས་བསྟུད་མར་རང་སྐྱོང་ལྗོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་ཚད་ཀྱི་ལས་རྗེས་དཔྱད་ཞིབ་ནང་འཇུག་པར་སྐུལ་འདེད་བཏང་ཡོད།

《ཕྱི་རྒྱལ་གྱི་ཤེས་རིག་བདག་དབང་རྩོད་གཞིར་ཁ་གཏད་འཇལ་བའི་ལམ་སྲོལ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོས་ནས། ཕྱི་ཕྱོགས་ཉོ་ཚོང་དང་། མ་འཇོག དཔལ་འབྱོར་ལག་རྩལ་མཉམ་ལས་བཅས་ཁྲོད་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོང་གི་ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ནུས་ཤུགས་བཏོན་ཏེ། ཕྱི་རྒྱལ་གྱི་ཤེས་རིག་བདག་དབང་གི་ཁེ་དབང་སྲུང་སྐྱོང་གི་རོགས་སྐྱོར་ཞབས་ཞུ་མཁོ་འདོན་ལ་ཤུགས་སྣོན་བརྒྱབ་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་རྒྱལ་གྱི་ཤེས་རིག་བདག་དབང་རྩོད་གཞིར་ཁ་གཏད་འཇལ་བའི་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད།

《2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཤེས་རིག་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་ལས་དོན་གྱི་ལག་བསྟར་ཇུས་གཞི》བཀྲམ་ནས་ཤེས་རིག་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཤེས་རིག་བདག་དབང་གི་དབང་གནོད་བྱེད་སྤྱོད་ལ་རྒྱུན་མཐུད་རྡུང་རྡེག་དང་བཅོས་སྐྱོང་བྱས་ཏེ། ཤེས་རིག་བདག་དབང་སྲིད་འཛིན་སྲུང་སྐྱོང་ལས་དོན་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཤེས་རིག་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་གི་ནུས་ཕྱོད་ཆེ་རུ་བཏང་ཡོད།

ཁྲིམས་སྒྱུར་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཤེས་རིག་བདག་དབང་ཁྲོམ་རའི་ཁོར་ཡུག་ལེགས་སུ་བཏང་བ།

རང་ལྗོངས་ཀྱིས་ལོ་མང་རིང་ཤེས་རིག་བདག་དབང་དེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ལ་བརྩིས་ཏེ། ཤེས་རིག་བདག་དབང་གི་ཁྲིམས་སྒྱུར་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྒྱུར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། ཤེས་རིག་བདག་དབང་ཁྲོམ་རའི་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ། ཁྲིམས་ལྟར་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། དྲང་སྙོམས་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་སྲོལ་འཛུགས་པ་བཅས་བྱས་ནས་ཁེ་ལས་ལ་གཉེར་སྐྱོང་ཐབས་ལམ་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད།

ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། ཤེས་རིག་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། 2023ལོར་ལྗོངས་ཡོངས་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོང་གནས་ཚུལ་ལ་གདེང་འཇོག་ཐེངས་དང་པོ་བྱས་ནས། ཤེས་རིག་བདག་དབང་གི་རྩོད་གཞི་སྣ་མང་ཅན་གྱི་སྒོ་ནས་སེལ་བའི་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས། གྲོང་ཁྱེར(ས་ཁུལ)རིམ་པའི་ཤེས་རིག་བདག་དབང་གི་ཁེ་དབང་སྲུང་སྐྱོང་གི་རོགས་སྐྱོར་མ་ལག་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཡོད། “ཨ་སྔོན”གྱི་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དང་རིམ་དབྱེ་དང་རིགས་དབྱེའི་ཡིད་རྟོན་ལྟ་འདོམས་ཀྱི་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ཡོད། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ཐོན་རྫས། འགག་རྩའི་ལྷུ་ཚིགས་བཅས་ལ་དམིགས་ནས“ཆ་རྒྱག”དང་། “ལྕགས་གོང་ལྟ་བུའི་ཁུ་ཚུར” “བོད་ལྗོངས་འགྲེམས་ཚོགས་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོང”སོགས་ཀྱི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་དེ་སྤེལ་ཡོད། ལྗོངས་ཡོངས་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོང་གནས་ཚུལ་གྱི་གདེང་འཇོག་ཐེངས་དང་པོ་བྱས་ནས་ཤེས་རིག་བདག་དབང་གི་རྩོད་གཞི་མང་པོ་སེལ་བའི་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཤེས་རིག་བདག་དབང་གི་རྩོད་གཞི་འདུམ་འགྲིག་དང་། ཁེ་དབང་སྲུང་སྐྱོང་གི་རོགས་སྐྱོར། བློ་འདྲིའི་ཞབས་ཞུ་བཅས་ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྒྲུབ་ས་ཚིགས་བཙུགས་པས་གྲོང་ཁྱེར(ས་ཁུལ)རིམ་པའི་ཤེས་རིག་བདག་དབང་གི་ཁེ་དབང་སྲུང་སྐྱོང་གི་རོགས་སྐྱོར་མ་ལག་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཡོད། ཕྱི་རྒྱལ་གྱི་ཤེས་རིག་བདག་དབང་གི་རྩོད་གཞིར་ཁ་གཏད་འཇལ་བ་དང་ཕྱི་ཕྱོགས་ནང་བཤུག་གི་ཞིབ་བཤེར་ལས་ཀའི་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ཐེབས་ཡོད།

སྐྱེ་ཁམས་བཟང་པོ་བསྐྲུན་ནས་ཚོང་གཉེར་བྱེད་པོའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

རང་ལྗོངས་ཀྱིས་ལོ་མང་རིང་ཁེ་ལས་ཀྱི་སྤུས་རྟགས་གསར་གཏོད་བརྩོན་ལེན་གྱི་འདུ་ཤེས་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཤེས་རིག་བདག་དབང་སྲུང་སྐྱོང་དང་ཞབས་ཞུའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱས་ཡོད།

རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“2023ལོར་ཁེ་ལས་འབྲིང་ཆུང་གི་ཤེས་རིག་བདག་དབང་གསར་གཏོད་དང་བེད་སྤྱོད་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཁྲོད་རང་ལྗོངས་ཀྱིས་སྔོན་ལ་ཞིབ་བཤེར་དང་གཅིག་སྡུད་ཞིབ་བཤེར་སོགས་ཀྱི་ཐབས་ལམ་བརྒྱུད་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་129དང་འབྲེལ་བ་ཡོད་པའི་ཁེ་བེད་བདག་ཐོབ་རེ་ཞུ་156འོས་སྦྱོར་བྱས་པ་དང་། 2023ལོར་རང་ལྗོངས་ཀྱིས་ད་དུང་གཅིག་སྡུད་ཞིབ་བཤེར་ཐེངས་དང་པོ་བྱས་ནས་ལྗོངས་ནང་ཁུལ་གྱི་གཙོ་གནད་ཚན་རྩལ་གསར་གཏོད་ཁེ་ལས་ལ་ཆ་སྙོམས་ཞིབ་བཤེར་དུས་འཁོར་ཟླ་བ་13ཐུང་དུ་བཏང་བ་དང་། ཁེ་བེད་བདག་ཐོབ་དང་ཚོང་རྟགས་གཏའ་འཇོག་བྱས་ནས་མ་དངུལ་བསྡུ་སྒྲིལ་བྱེད་པའི་ཐོ་འགོད་ལས་སྒོ་ས་གནས་ཅན་དུ་སྒྲུབ་གཉེར་མངོན་འགྱུར་ཐུབ་སྟེ། ཤེས་རིག་བདག་དབང་གཏའ་འཇོག་བྱས་ནས་མ་དངུལ་བསྡུ་སྒྲིལ་བྱས་པའི་དངུལ་གྲངས་སྒོར་ཁྲི་3500ལྷག་ཙམ་ཟིན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་རམ་འདེགས་བྱ་ཆེད། རང་ལྗོངས་ཀྱིས་ས་ཁམས་མཚོན་རྟགས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་པ་དང་། མཐའ་མཚམས་རྫོང་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ། སྣང་རྫོང་གི་སུར་པན་དང་། ལེགས་པོའི་ཇ། གྲོ་མོའི་ཉ། ཕག་རིའི་ནོར་གནག་བཅས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཐོན་ཁུངས་སྔོག་འདོན་དང་ཐོན་ལས་འཕེལ་རྒྱས་ལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ་དང་འབྲེལ། རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ལ་ཡིག་ཐོག་སྙན་འབུལ་ཞུས་པ་རེད།

འདས་ཟིན་པའི་ལོ་ཟླར་ཕྱིར་མིག་བལྟས་ཚེ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། གང་སར་ཡིད་ཆེས་ཀྱིས་ཁེངས་ཡོད། ད་ཆ་ཤེས་རིག་བདག་དབང་སྲུང་སྐྱོང་གི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ནས་གངས་ལྗོངས་ས་མཐོར་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཙམ་མ་ཟད། ད་དུང་གང་སར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པས་ཁེངས་ཡོད། མ་འོངས་པར་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཤེས་རིག་བདག་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་གི་རྩ་གནད་ལག་བསྟར་དོན་འཁྱོལ་དང་ཤེས་རིག་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཙོ་གནད་དུ་འཛིན་པ་བཅས་བྱས་ཏེ་ཤེས་རིག་བདག་དབང་སྲུང་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་བ་དང་། ས་ཁམས་མཚོན་རྟགས་སོགས་ཁྱད་ལྡན་ཤེས་རིག་བདག་དབང་སྐྱེད་སྲིང་དང་ཁེ་བེད་བདག་ཐོབ་གཞན་སྒྱུར་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། བོད་ཀྱི་ཤེས་རིག་བདག་དབང་བྱ་གཞག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་མེ་སོན་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྡུད་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་ལ་འགྱུར་བ་བཅས་བྱ་རྒྱུ་རེད།

(ལྷ་དབང་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)