འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་གི་ལས་སྒོའི་ཆུ་ཚད་སྔར་བས་མཐོ་རུ་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་ཡུལ་སྐོར་ཁྲོམ་ར་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཡུལ་སྐོར་ལས་དོན་ཁང་གི་ལས་དོན་པ་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། ད་ཐེངས་ཀྱི་གསོ་སྦྱོང་ནི་ལོ་འཁོར་མོའི་གསོ་སྦྱོང་དུས་ཐེངས་གཉིས་པ་དེ་ཡིན་པ་དང་། ཁྱོན་ཁག་ཐེངས་གསུམ་དུ་ཕྱེ་བར། དྲ་ཐོག་དྲ་ཕྱི་ནས་ཁྱོན་མི་1200ལྷག་ཙམ་ཞུགས་ཡོད་པ་རེད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྷ་ས་གྲོང་ཁྱེར་དུ་ད་ཆ་ཐོ་འགོད་ཡུལ་སྐོར་ལས་དོན་ཁེ་ལས་338ཡོད་པ་དང་ལས་དོན་པ་1200ལྷག་ཙམ་ཡོད། ད་རེས་གསོ་སྦྱོང་འཛིན་གྲྭ་དེ་འདྲ་ཞིག་གཉེར་བའི་དམིགས་ཡུལ་ནི་ལས་མི་ཡོངས་ཀྱི་ཡིག་ཚགས་བཟོས་ནས་ཨང་རྟགས་འགོད་པ་དང་། ལས་མི་ཡོངས་ལ་སློབ་གསོ་གསོ་སྦྱོང་བྱེད་པ། ལས་མི་ཡོངས་ལ་ཚད་ལོན་ཞིབ་དཔྱད་བྱེད་པ། ལས་མི་ཡོངས་ཀྱིས་ལག་ཁྱེར་བཏགས་ནས་ལས་གནས་སུ་སྐྱོད་པ་བཅས་ཀྱི“ལས་མི་ཡོངས་བཞི”ཡི་བྱེད་ཐབས་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་དོན་པའི་ཕྱོགས་བསྡུས་བྱང་ཚད་དང་ཞབས་འདེགས་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཆེད་དང་། དེ་བཞིན་ལྷ་སའི་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་བྱང་ཚད་མཐོ་བའི་ཡུལ་སྐོར་ལས་དོན་པའི་དཔུང་ཁག་གཏོད་ཆེད་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནི་ཡུལ་སྐོར་ལས་དོན་ཁང་གི་ཞབས་ཞུའི་ཚད་གཞི་དང་། ཡུལ་སྐོར་བཅའ་ཁྲིམས་དང་ཁྲིམས་སྲོལ། བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ཀྱི་གཞི་རྩའི་ཤེས་བྱ། ཡུལ་སྐོར་ཞབས་ཞུའི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད། ཞབས་ཞུའི་རྩལ་ནུས་གསོ་སྦྱོང(དེའི་ནང་འབྲེལ་གཏུག་ཐབས་རྩལ་དང་། མི་སྣར་དོ་དམ། ཞུ་གཏུག་ཐག་གཅོད་བཅས་ཚུད་པ)སོགས་ཀྱི་ནང་དོན་ལ་གཞི་ཚུགས་ཤིང་། བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་དང་ཐའེ་ཧོ་ཐའེ(ལྷ་ས)ཁྲིམས་རྩོད་པའི་ལས་དོན་ཁང་གི་མཐོ་རིམ་བློ་འདྲི་བ་དང་ཁྲིམས་རྩོད་པ་ལི་ཁེ་དང་། བོད་ལྗོངས་སློབ་ཆེན་ཡུལ་སྐོར་དང་ཕྱི་སྐད་སློབ་གླིང་གི་དགེ་རྒན་བསྟན་སྒྲོན། བོད་ལྗོངས་སློབ་ཆེན་ཡུལ་སྐོར་དང་ཕྱི་སྐད་སློབ་གླིང་གི་འཆད་ཁྲིད་དགེ་རྒན་ཧ་སི་ན། ཞེ་ཁྲེང་ཀུང་སིའི་མཐོ་རིམ་མངགས་བཀོད་ཆེ་མོ་བ་ཧོ་ཤིན་བཅས་གདན་དྲངས་ནས་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་དང་། གྱོད་དཔེར་དབྱེ་ཞིབ། ཕན་ཚུན་བགྲོ་གླེང་། ལད་མོས་ནང་སྦྱོང་སོགས་ཀྱི་ཐབས་ལམ་བརྒྱུད་སློབ་ཁྲིད་བྱས་པ་རེད།
གསོ་སྦྱོང་ལ་ཞུགས་མཁན་ལས་དོན་པ་ཚོས་ད་ཐེངས་ཀྱི་གསོ་སྦྱོང་གིས་སླད་ཕྱིན་གྱི་ལས་དོན་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། གསོ་སྦྱོང་རིང་སྦྱངས་པའི་ཤེས་བྱ་དང་ཁོང་དུ་ཆུད་པའི་རྩལ་ནུས་དག་སླད་ཕྱིན་ཡུལ་སྐོར་བར་ཞབས་འདེགས་ཞུ་བའི་ལག་ལེན་དངོས་སུ་སྤྱོད་གང་ཐུབ་བྱེད་ཀྱི་ཡིན། ཆེད་ལས་ཤེས་བྱ་དེ་བས་མང་བར་མུ་མཐུད་སློབ་སྦྱོང་དང་། ལས་གནས་རྩལ་ནུས་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཡུལ་སྐོར་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པ། ལྷ་སའི་ཡུལ་སྐོར་གྱི་གཟུགས་བརྙན་ཡག་པོ་གཏོད་པ་བཅས་བྱས་ནས། ལྷ་སའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་ནུས་པ་གང་ཡོད་འདོན་གྱི་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འགན་འཁུར་བས། གོམ་སྟབས་རྗེས་མར། སྐར་མ་རིམ་པའི་གསོལ་མགྲོན་ཁང(མགྲོན་ཁང)དང་། ཡུལ་སྐོར་སྣེ་ཤན་པ། Aརིམ་པའི་མཛེས་ལྗོངས་ཁུལ་བཅས་ཀྱི་ལས་དོན་པར་མུ་མཐུད་གསོ་སྦྱོང་བྱས་ཏེ། ཡུལ་སྐོར་ཁྲོམ་ར་དང“ཟ་སྡོད་འགྲོ་སྐོར་ཉོ་རྩེད”ལྷུ་ཚིགས་ཁག་གི་ལས་དོན་པར་ཚད་ལྡན་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་གི་ཡིན་ཞེས་བཤད་པ་རེད།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)