མཚན་མོར་ཆང་བཏུངས་འཁོར་གཏོང་བྱས་མིན་བཤེར་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རྒྱུན་མཐུད་སྤེལ་བ།
འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་གི་ལས་ཀའི་བླང་བྱ་ནན་དུ་གཏོང་བ་དང་། གཙོ་གནད་རླངས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སེལ་ཤུགས་ཆེ་རུ་གཏོང་བ། ད་ལྟ་སྤེལ་བཞིན་པའི་གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་བཅོས་སྒྲིག་གི་བྱ་སྤྱོད་དང་ཟུང་འབྲེལ་བཅས་བྱ་ཆེད། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གཙོ་གནད་རླངས་འཁོར་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་རྒྱུན་མཐུད་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།
ཉིན་ཤས་རིང་། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་ཁོངས་གཏོགས་ཁུལ་ཁག་གི་རུ་ཆེན་གྱིས་ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་མང་བའི་དུས་མཚམས་དང་ཐོན་མང་བའི་ལམ་དུམ་ལ་དམ་པོར་དམིགས་ཏེ། མཚན་མོར་ཆང་བཏུངས་འཁོར་གཏོང་བྱས་མིན་བཤེར་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་རེད།
བྱ་སྤྱོད་སྤེལ་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཨ་རག་ཉིང་ཁུའི་ཚད་ལེན་ཡོ་བྱད་དང་ཁྲིམས་སྒྱུར་ཟིན་ཐོ་འགོད་ཆས་སོགས་ཁྲིམས་སྒྱུར་སྒྲིག་ཆས་གང་ལེགས་སྤྱད་དེ་གཙོ་གནད་དུས་མཚམས་དང་། ལམ་མདོ་ཁ། ལམ་དུམ་བཅས་སུ་ཆང་བཏུངས་འཁོར་གཏོང་བྱེད་མཁན་རིགས་ལ་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་དང་། ཆང་བཏུངས་འཁོར་གཏོང་སོགས་གཙོ་གནད་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རྩད་གཅོད་ཐུབ་རིགས་ལ་ཞིབ་བཤེར་དང་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་དོ་དམ་ནན་པོ་དང་དམ་བསྒྲགས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་པ་རེད།
འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་པ།
འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་བྱ་སྤྱོད་དོན་འཁྱོལ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། བཅོས་སྒྲིག་བྱ་སྤྱོད་ཀྱི་ད་ཡོད་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་བ། འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་གཙང་སེལ་བཅས་བྱས་ནས་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་མ་ཐོན་པར་བྱ་ཆེད། ཉེ་ཆར། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལམ་ངོས་སུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་བཏང་སྟེ། འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱས་པ་རེད།
བྱ་སྤྱོད་སྤེལ་རིང་། ཁོངས་གཏོགས་ཁུལ་ཁག་གི་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ཉེན་རྟོག་པ་ལམ་ངོས་སུ་བཀོད་སྒྲིག་གང་ཐུབ་བྱས་ནས་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་བཅོས་སྒྲིག་ཏན་ཏིག་བྱས་པ་རེད། ཁྲིམས་སྒྱུར་མི་དམངས་ཉེན་རྟོག་པས“སྲུང་ཞྭ་གཅིག་དང་སྲུང་ཐག་གཅིག”གི་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ། སློབ་གསོ་རྒྱག་པ་དང་ཆད་པ་གཅོད་པ་ཟུང་འབྲེལ་གྱི་རྩ་དོན་སྤྱད་དེ་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་དང་། ཁྲིམས་འགལ་ངང་མི་བླུག་པ། ཁ་ཕྱོགས་ལྡོག་ནས་སྐྱོད་པ། གློག་དམར་པོ་སྦར་རུང་སྐྱོད་པ། སོ་སོའི་གཏན་འཁེལ་གྱི་འཁོར་ལམ་དུ་མ་བསྐྱོད་པ། སྲུང་ཞྭ་གྱོན་མེད་པ། ཁྲིམས་འགལ་ངང་ཉི་ཁེབས(ཆར་ཁེབས)བསྒར་བ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་ཡོ་བསྲང་བྱ་རྒྱུའི་སློབ་གསོ་བརྒྱབ་པ་རེད།
སློབ་གྲྭར་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་སློབ་མ་ཚོའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་ཉིད་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་གྱིས་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་2024ལོའི་ལོ་འཁོར་གྱི་སློབ་གྲྭའི་འཕྲལ་སྡོམ་ནང་སྦྱོང་གི་གོ་སྐབས་དང་བསྟུན་ནས། སྣེའུ་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ་སློབ་མར་ནང་དོན་ཕུན་སུམ་ཚོགས་པའི་སློབ་གྲྭའི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་སློབ་ཚན་ཞིག་འཚོགས་པ་རེད། (སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)