《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月17日

ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་སློབ་ཆུང་གཉིས་པའི་རྣམ་གྲངས་བདེ་བླག་ངང་སྐྲུན་བཞིན་པ།

སློབ་གྲྭར་སང་ལོའི་ཟླ་8པ་ནས་སློབ་མ་བསྡུ་རྩིས་ཡོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷ་ས་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་སློབ་ཆུང་གཉིས་པའི་རྣམ་གྲངས་ཀྱི་གྲུབ་ཆ་ཨ་མ་ཐོག་བཀབ་པའི་དུས་མཚམས་སུ་སླེབས་ནས། སྔོན་དཔག་བྱས་ན་ཟླ་12པའི་ཟླ་མཇུག་ཏུ་ཚང་མ་ལས་མཇུག་འགྲིལ་རྒྱུ་དང་2025ལོའི་ཟླ་8པར་རེས་སྐོར་དང་པོའི་སློབ་མ་བསྡུ་རྩིས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་སློབ་ཆུང་གཉིས་པའི་རྣམ་གྲངས་ཨར་སྐྲུན་བྱ་ཡུལ་དུ་གསར་འགོད་པས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་པའི་འཕྲུལ་འཁོར་དང་ལས་བགོས་ཁ་གསལ་བའི་བཟོ་པ་ཚོས་སློབ་ཁྲིད་ཕྱོགས་བསྡུས་ཐོག་ཁང་དང་། སློབ་མའི་ཉལ་ཁང་། ཟ་ཁང་སོགས་སྐྲུན་ཁུལ་དུ་གོ་རིམ་ལྡན་པའི་ངང་ཨར་ལས་བྱེད་བཞིན་ཡོད་པ་མཐོང་བྱུང་།

ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭ་དེར་སློབ་ཁྲིད་ཕྱོགས་བསྡུས་ཐོག་ཁང་དང་། ལག་ལེན་རྟེན་གཞི། ལུས་རྩལ་ཐང་། ཟ་ཁང་། སློབ་མའི་ཉལ་ཁང་། དགེ་རྒན་དང་ལས་བཟོའི་ཉལ་ཁང་སོགས་བསྐྲུན་ཡོད་ཅིང་། རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་ཁྲི་16115.8བཏང་བ་དང་། རྒྱ་ཁྱོན་སྨི་ངོས་གྲུ་35039.35ཟིན་པ། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་27013.39ཟིན་ཡོད། རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་། སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། སྣེའུ་ཁུལ་གསར་གྱི་སློབ་གསོའི་བྱ་གཞག་དེ་བས་མཐུན་སྦྱོར་དང་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་བ་དང་ཆབས་ཅིག སྣེའུ་ཁུལ་གསར་གྱི་སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་དཀའ་བའི་གནད་དོན་ཀྱང་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད། སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་སྤྱི་ཚོགས་བྱ་གཞག་ཅུས་ཀྱི་ལས་དོན་པ་པ་སངས་ཀྱིས། སློབ་གྲྭ་དེ་བསྐྲུན་རྗེས་སློབ་མ་1350བསྡུ་ཆོག་པས། དེས་སྣེའུ་ཁུལ་གསར་སློབ་ཆུང་གི་སློབ་གཉེར་གཞི་ཁྱོན་གྱི་ཞན་ཆ་ནུས་ལྡན་སེལ་ཐུབ་ངེས་རེད་ཅེས་བཤད།

གཞན་ཡང་། སྣེའུ་ཁུལ་གསར་གྱི་དམར་དམག་སློབ་ཆུང་གི་ཟ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དང་སྣེའུ་ཁུལ་གསར་གྱི་བུ་བཅོལ་ཁང་དང་པོའི་ནུས་མང་ཚོམས་ཆེན་འཛུགས་སྐྲུན་རྣམ་གྲངས་ལའང་དུས་གཅིག་ཏུ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། བསྐྲུན་རྗེས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་བཀོད་སྔར་བས་ལེགས་སུ་ཕྱིན་ནས་ཁོངས་གཏོགས་ཁུལ་གྱི་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་དང་སྤུས་ཚད་ལེགས་སུ་འགྲོ་རྒྱུ་རེད།

མིག་སྔར། ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དུ་སྣེའུ་ཁུལ་གསར་གྱི་བུ་བཅོལ་ཁང་དང་པོ་སོགས་བུ་བཅོལ་ཁང་6དང་། སྣེའུ་ཁུལ་གསར་དམར་དམག་སློབ་ཆུང་དང་སྣེའུ་ཁྲོམ་གཞུང་གསང་མདའ་གྲོང་ཚོའི་ལྟེ་བའི་སློབ་ཆུང་བཅས་སློབ་ཆུང་གཉིས་དང་། དེ་བཞིན་སྣེའུ་དམའ་རིམ་སློབ་འབྲིང་བཅས་བསྐྲུན་ཡོད་པ་དེ་དག་ནང་བུ་བཅོལ་ཁང་དང་། སློབ་ཆུང་། དམའ་འབྲིང་བཅས་སློབ་མཚམས་གསུམ་ཚུད་ཡོད་པ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)