ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་རིམ་སྤོར་ཚོད་ལྟའི་རྫོང་ཡིན་པའི་རི་བོ་ཆེ་རྫོང་གིས་ཉེ་བའི་ལོ་ཤས་རིང་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་ཁོངས་ཀྱི་ལེགས་ཆར་གཞི་ཚུགས་ནས། ཐོན་ལས་དབུལ་སྐྱོར་གྱི་ལམ་བུ་རྒྱ་སྐྱེད་དང་ཐོན་ལས་དབུལ་སྐྱོར་རིམ་སྤོར་ཧུར་ཐག་བྱས་པས། དཀའ་ངལ་ཆེ་བའི་མང་ཚོགས་དེ་བས་མང་བས་ཐོན་ལས་དབུལ་སྐྱོར་གྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་ཡོད།
ཀྲེང་ཏའོ་ཚོང་དོན་ཚད་ཡོད་ཀུང་སིའི་ཨ་རག་བཟོ་གྲྭ་རི་བོ་ཆེ་རྫོང་ཐོན་ལས་གླིང་དུ་གནས་ཤིང་། དེ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རི་བོ་ཆེ་རྫོང་གིས་ལག་བསྟར་བྱས་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཤིག་རེད། ཀུང་སི་དེས་དུས་ཐེངས་དང་པོའི་ལས་གྲྭར་མ་དངུལ་སྒོར་ཁྲི་500བཏང་ནས་རི་བོ་ཆེ་རྫོང་གི་ནས་ཆང་བཟོ་གྲྭའི་རྣམ་གྲངས་ལག་བསྟར་བྱས་པ་དང་། གཙོ་བོ་ཨ་རག་ཐོན་རྫས་དང་བསྙོལ་བཟོའི་སྒྲིག་ཆས་སོགས་བཟོ་ཡི་ཡོད་ལ། དུས་ཐེངས་དང་པོའི་རྣམ་གྲངས་བསྐྲུན་ཟིན་རྗེས་ལོར་ནས་ཆང་ཏུན་100ལྷག་ཙམ་ཐོན་སྐྱེད་ཐུབ་ནས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་2000ཟིན་རྒྱུ་དང་། མི་15ལས་ཞུགས་ཐུབ་ཡོད།
2022ལོར་རི་བོ་ཆེའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་ཆེད། ཁྲུང་ཆིང་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོན་ལས་སྣེ་ཁྲིད་མ་དངུལ་སྒོར་ཁྲི་200བཏང་ནས་བེའུ་མདའ་ཤང་གཡང་འཛོམས་གྲོང་ཚོར་འབྲི་གཡག་དུས་ཐུང་རྒྱགས་གསོའི་དཔེ་སྟོན་རྟེན་གཞི་བསྐྲུན་ཏེ། འབྲི་གཡག་གི་རྒྱུད་པ་ལེགས་གཏོང་དང་། གཅིག་སྡུད་རྒྱགས་གསོ། འབྲི་གཡག་གྲངས་གཞི་ཅན་གྱི་དོ་དམ་སོགས་ཀྱི་ལས་དོན་སྤེལ་ནས་མཐའ་འཁོར་གྱི་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག་ཏུ་གྲངས་གཞི་ཆེན་པོའི་དོ་དམ་དང་། མི་ཐབས་ཀྱིས་སྦྱོར་སྡེབ། ཞིང་འབྲོག་པའི་གྲོས་མཐུན་གསོ་སྤེལ”བཅས་ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་དེ་རི་བོ་ཆེའི་འབྲི་གཡག་གི་རྒྱུད་བཟང་གསོ་སྤེལ་བྱས་པ་རེད།
གཞན་ཡང་། རི་བོ་ཆེ་རྫོང་ནི་རོང་ཁུལ་དུ་གནས་པ་དང་ཆར་ཆུ་འབེལ་བས། རི་སྐྱེས་སྨན་རྩྭ་སྣ་ཚོགས་རྫོང་དེའི་འཕེལ་རྒྱས་ཀྱི་ཐོན་ཁུངས་སུ་གྱུར་ཡོད། 2023ལོའི་ཟླ་5པར། རི་བོ་ཆེ་རྫོང་སྲིད་གཞུང་གི་རོགས་སྐྱོར་འོག་ས་གནས་དེ་གའི་ཁེ་ལས་གངས་ལྗོངས་ལི་མེ་བོད་སྨན་སྨན་རྩྭ་ཞིབ་འཇུག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་ཉུང་མའི་ལ་དུག་འགོག་པའི་བཟའ་བཅའ་ཐོན་སྐྱེད་ལས་རིམ་བཏོད་པ་དང་། རྣམ་གྲངས་བསྐྲུན་རྗེས་སྔོན་དཔག་བྱས་ན་ལོ་རེའི་ཐོན་སྐྱེད་རིན་ཐང་བསྡོམས་སྒོར་ཁྲི་1500ཡན་ཟིན་རྒྱུ་དང་མི་18ལས་ཞུགས་ཐུབ་རྒྱུ་མ་ཟད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཐོན་ལས་རྣམ་གྲངས་ཀྱི་ཕན་འབྲས་ཡག་པོ་མེད་པའི་ལྕགས་ཟམ་ཁ་ཤང་རྡོ་སྟེང་གྲོང་ཚོའི་ཞིང་ཁ་མུའུ་500སྒྱུར་བཀོད་དང་ཟམ་ཁ་ཤང་རྡོ་རིལ་གྲོང་ཚོར་སྒོག་པ་འདེབས་མཚམས་བཞག་ནས་ཉུང་མ་འདེབས་རྒྱུར་སྐུལ་ཁྲིད་བྱེད་རྒྱུ་རེད།
(ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)