ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གྲོང་གསེབ་དར་རྒྱས་དང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་བླང་བྱར་དམིགས་ནས། གནས་འཕྲོད་ལས་འཚམ་མཛེས་སྡུག་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། འཚོ་སྡོད་རུང་བའི་འཚོ་བའི་བར་མཐོངས་དང་། ལས་འཕྲོད་འཕེལ་རྒྱས་ཀྱི་བར་མཐོངས། ཞི་མཐུན་སྤྱི་ཚོགས་ཀྱི་བར་མཐོངས། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་བར་མཐོངས་བཅས་ནུས་ཤུགས་ཡོད་རྒུས་བཏོད་པས། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
གསར་འགོད་པར་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། སྣེ་གདོང་ཆུས་ཀྱི་རིམ་པ་དེ་གའི་ནོར་སྲིད་ཀྱིས་ལོ་ལྟར་མ་དངུལ་སྒོར་ཁྲི་374ལྷག་ཙམ་བཏང་ནས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི“ཤང་རེར་ཐབས་ཇུས་རེ”ཁྱབ་གདལ་བཏང་བ་དང་། ཁྲ་འབྲུག་གྲོང་རྡལ་གྱི“དུས་ཚིགས་བཞི་དང་། མཛེས་སྡུག་བཞི། བཅོས་སྒྲིག་གཉིས”སོགས་དཔེ་མཚོན་བྱེད་ཐབས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་མ་ཟད། “སྒྲིག་འགལ་གཉིས”བཅོས་སྒྲིག་གཏིང་ཟབ་བྱས་ནས་རང་དགར་སྐྲུན་པའི་སྐྲུན་དངོས་100ལྷག་ཙམ་བཤིག་པ་དང་བཙོག་ཟིང་ཞན་གསུམ་གྱི་གཙོ་གནད་ཁུལ་280ལྷག་ཙམ་གཙང་སེལ་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་གྲངས་འཛིན་ཅན་གྱི་ཆ་འཕྲིན་ལས་སྟེགས་བཏོད་དེ། གཞི་རིམ་གྱི་བཀོད་འདོམས་བཀོད་གཏོང་དང་ཞབས་ཞུ་དོ་དམ་གྱི“དྲ་གཅིག”ཕྱོགས་ཡོངས་ལ་ཁྱབ་པར་བྱས་པ་དང། “གཙང་ཡོན་eགདོང་ལེན”དང“སྣེ་གདོང་eཁྱིམ”སོགས་དྲ་ཐོག་ལས་སྟེགས་བཏོད་དེ། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་ལན་ཡག་པོ་སློག་པ་དང་། འཁོར་རྒྱུག་ཡག་པོ། ཐག་གཅོད་ཡག་པོ་བཅས་བྱས་ནས། མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་དང་ཡང་ན་རྒྱུག་མི་དགོས་པ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ་རེད།
དེ་དང་ཆབས་ཅིག གྲོང་ཚོ་དང་གྲོང་རྡལ་ཁག་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་གོམས་སྲོལ་བསྒྱུར་བའི་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ། རྒྱས་སྤྲོས་རྒྱས་གཤོམ་དང་རྒྱས་སྤྲོས་ཆུད་ཟོས་སོགས་ལུགས་རྙིང་སྲོལ་ངན་མེད་པར་བཟོས་ནས། ཤེས་དཔལ་ལྡན་པའི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། བབ་ཆགས་པའི་དམངས་སྲོལ་བཅས་རྒྱ་ཆེའི་གྲོང་གསེབ་ཏུ་དར་བར་བྱས་པ་རེད།
སྦྱིན་ཀླུ་སྡེ་ཁུལ་གྱི་མང་ཚོགས་ཀྱིས་ལོ་23གྱི་དུས་ཚོད་སྤྱད་དེ་ཡར་ཀླུང་གཙང་པོའི་ངོགས་སུ་ཤིང་འཛུགས་ནགས་བཟོ་མུའུ་8835བྱས་པ་དང་། བྱེ་འགོག་བྱེ་བཅོས་མུའུ་6500བྱས་པ། ཐུང་འགྱུར་ཀུ་སྡོང་མུའུ་1300བཏབ་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་བསྟར་ཡོད།
“ད་ལྟ་ཤིང་འཛུགས་ཚད་ཉུང་དུ་ཕྱིན་པ་དེ་འདེབས་འཛུགས་བྱེད་ས་མེད་པས་རེད། མིག་སྔར། ང་ཚོའི་ལས་དོན་གཙོ་བོ་ནི་ནགས་སྲུང་བྱ་རྒྱུ་དེ་རེད། དེ་སྔོན་བཏབ་པའི་ལྗོན་ཤིང་ལ་བདག་སྐྱོང་ཡག་པོ་བྱས་ནས་ནགས་ཚལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཕ་ཚ་བུ་རྒྱུད་ལ་བཞག་པའི་རྒྱུ་ནོར་རེད”ཅེས་སྣེ་གདོང་ཆུས་སྦྱིན་ཀླུ་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཉི་མས་བཤད།
ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས་སྐྱེ་ཁམས་ཀྱི་མཛེས་པ་སྲུང་སྐྱོང་བྱ་ཆེད། རིམ་རྩིས་བྱས་ན་སྒོར་ཁྲི་100བཏང་ནས“སྒོ་ར་མཛེས་ཤོས”དང་། “མཛེས་སྡུག་ལྡན་ལ་གནས་འཕྲོད་ཀྱི་ཤང་གྲོང” “མཛེས་སྡུག་ལྡན་ལ་གནས་འཕྲོད་གྲོང་ཚོ(སྡེ་ཁུལ)”འཛུགས་གཏོད་དང་དཔྱད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི“རྗེས་ལུས་ཐེབས་དོགས་ཀྱིས་ཚང་མ་དེའི་ནང་ཞུགས་པའི”རྣམ་པ་བཟང་པོ་ཧུར་ཐག་བཏོད་ཡོད། དེ་དང་ཆབས་ཅིག རྨོ་འདེབས་ཤེས་དཔལ་དང་། ཡར་ཀླུང་རིག་གནས། དམངས་གཙོའི་བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་འབྱུང་ཁུངས་སྔོག་འདོན་ཡག་པོ་བྱས་ནས། རྒྱལ་ཡོངས་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་ཁྲ་འབྲུག་གྲོང་རྡལ་དང་། དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཁེ་གསུམ་གྲོང་ཚོ། ལྷ་མོའི་གྲོང་ཚོ་དང་པོ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་སོགས་དཔེ་སྟོན་དཔེ་མཚོན་སྐྱེད་སྲིང་བདེ་བླག་བྱས་པ་དང་སྲོལ་རྒྱུན་གྱི་གྲོང་ཚོ་7གཅིག་སྡུད་ཡུག་སྦྲེལ་གྱིས་སྲུང་སྐྱོང་དང་བེད་སྤྱོད་གང་ལེགས་བྱས་ཏེ། སྐྱེ་ཁམས་ཀྱི་མཛེས་སྡུག་སྐྱེད་སྲིང་བྱེད་པ་དང་ཆབས་ཅིག་མི་ཆོས་རིག་གནས་ཀྱི་མཛེས་སྡུག་སྔོག་འདོན་ཡང་བྱས་ཡོད།
དེ་དང་ཆབས་ཅིག སྣེ་གདོང་ཆུས་ཀྱིས་ལས་འཚམ་ཐོན་སྐྱེད་ཀྱི་བར་མཐོངས་ཧུར་ཐག་བཏོད་དེ། ཐོན་ལས་སྟོབས་ཆེར་བཏང་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ་དང་ཁོངས་གཏོགས་ཁུལ་གྱི་ཧུང་ནུང་བོད་བྱ་གསོ་ཚགས་རྟེན་གཞི་དང་མཚན་མོའི་བུང་སྒྲའི་སྐྱེ་ཁམས་གླིང་སོགས་ཁེ་ལས་མུ་མཐུད་སྟོབས་ཆེར་གཏོང་བ་དང་འབྲེལ། ཁེ་ལས་དང་མང་ཚོགས་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཙུགས་ནས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་སྤྱད་དེ་མང་ཚོགས་དབུལ་པོར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད། མིག་སྔའི་བར། ཧུང་ནུང་བོད་བྱ་གསོ་ཚགས་རྟེན་གཞིས་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་3གྱི་མཉམ་སྡེབ་དཔལ་འབྱོར་ཉམས་ཞན་གྱི་གྲོང་ཚོ་20བོད་བྱ་གསོ་ཚགས་ནང་ཞུགས་པར་སྐུལ་ཁྲིད་བྱས་ནས་གྲོང་ཚོ་རེར་ལོ་རེར་འབབ་འཕར་སྒོར་ཁྲི་20ཡན་གཏོད་རོགས་བྱས་པས། མང་ཚོགས་དུད་ཚང་ཁྲི་1ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
དེང་གི་སྣེ་གདོང་གི་མང་ཚོགས་རྣམས་གོམ་ཞེང་ཆེན་པོས་གྲོང་གསེབ་དར་རྒྱས་ལམ་བུར་སྐྱོད་བཞིན་ཡོད་པ་དང་། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལྟ་ན་སྡུག་པའི་ཡུལ་ལྗོངས་མཐོང་རྒྱུ་ཡོད་པ། གྲོང་གསེབ་མཛེས་སྡུག་ལྡན་པ་དང་། ཡུལ་སྲོལ་བཟང་བ། ཐོན་ལས་སྟོབས་ལྡན། ཞིང་པ་ཕྱུག་འགྱུར་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་མངོན་བཞིན་མཆིས།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)