འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོ“བོད་ལྗོངས་ལ་འགུག་ཤུགས་ལྡན། ཧྲང་ཧའེ་ཡིས་འབྱུང་འགྱུར་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་དང་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་ཤིང་། ལྗོངས་ཕྱི་ནང་ནས་ཡོང་བའི་རིག་གནས་ཡུལ་སྐོར་དང་སྨན་དང་སྨན་བཅོས་ཁྱབ་ཁོངས་ཀྱི་ཁེ་ལས་100ལྷག་ཙམ་གྱི་འཐུས་མི་ཞུགས་ཡོད་པ་དང་། ས་ཆ་ངོས་སུ་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་4ལ་གཅིག་སྡུད་ཐོག་གན་རྒྱ་བཞག་པ་དང་སྒོར་དུང་ཕྱུར་4ཟིན་པའི་མ་འཇོག་གྲོས་མཐུན་བཞག་པ་རེད།
འོས་སྦྱོར་ངོ་སྤྲོད་ཚོགས་འདུ་དེ་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་དང་ཧྲང་ཧའེ་རུ་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་དང་། རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས། གཞིས་རྩེ་གྲོང་ཁྱེར། ཀྲུང་གོ་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཆེས་བྲིན་བོད་སྨན་སོགས་ཚན་པ་དང་ཁེ་ལས་ཀྱི་འཐུས་མིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་དང་བོད་ལུགས་གསོ་རིག་སོགས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་། རོགས་སྐྱོར་སྲིད་ཇུས། ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས། དེ་བཞིན་ཁེ་ལས་འཕེལ་རྒྱས་དང་མ་འཇོག་མཉམ་ལས་ཀྱི་དགོས་མཁོ་བཅས་འོས་སྦྱོར་བྱས་པ་དང་། བོད་ལ་མ་འཇོག་བྱེད་འདོད་ཡོད་པའི་ཁེ་ལས་དང་ལྗོངས་ནང་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་རིག་གནས་ཡུལ་སྐོར་དང་བོད་ལུགས་གསོ་རིག་སོགས་ཐོན་ལས་ལ་དམིགས་ནས་མ་འཇོག་གྲོས་མོལ་ཡང་བྱས་པ་རེད།
“བོད་ཀྱི་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་འཐུས་སྒོ་ཚང་བ་དང་ཚོང་འགུགས་མ་འདྲེན་ལ་གཟིགས་སྐྱོང་སྲིད་ཇུས་ཡོད་པས་དེ་ནི་མ་འཇོག་ལས་དར་གྱི་ས་ཆ་ཡག་པོ་ཞིག་ཡིན་ལ། བོད་ལུགས་གསོ་རིག་ཐོན་ལས་ལ་མ་འཇོག་བྱེད་པའི་དུས་བབ་ཡག་ཤོས་ཤིག་ཡིན”གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་མ་འཇོག་ལས་དར་བྱེད་པའི་སྐོར་གླེང་སྐབས་ཧྲང་ཧའེ་སྨན་དང་སྨན་བཅོས་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་སྨན་རྒྱུ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཞུའེ་ཡིས། ཁེ་ལས་བཅའ་སྡོད་བྱས་རྗེས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྣ་ཁ་གསར་པ་ཞིབ་འཇུག་གསར་སྤེལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་བོད་ལུགས་གསོ་རིག་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་འཁོར་འབྲེལ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་བརྒྱབ་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱུང་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་ཡུལ་སྐོར་ཐོན་ལས་ནི་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ཀ་རྟེན་ཐོན་ལས་ཤིག་ཡིན་པས་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད་པ་མ་ཟད། བོད་ལྗོངས་འདི་ཉིད་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འབྱུང་གནས་གལ་ཆེན་ཞིག་ཀྱང་ཡིན། 2023ལོར་བོད་སྨན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་31.5ཟིན་པ་དེས་རྒྱལ་ཡོངས་ཀྱི་བོད་སྨན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་གི་54%ཙམ་བཟུང་ནས་དམངས་འཚོ་འགན་ལེན་དང་། དཔལ་འབྱོར་འཕེལ་རྒྱས། ཚན་རྩལ་གསར་གཏོད། རིག་གནས་རྒྱུན་འཛིན་སོགས་ཁྱབ་ཁོངས་སུ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཏེ་འཐབ་ཇུས་ཀྱི་གོ་སྐབས་སུ་སླེབས་ཡོད། (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)