“ཁོང་ནི་གཡག་གིས་བརྡུངས་ནས་རྨས་སྐྱོན་ཕོག་པའི་ནད་པ་ཞིག་རེད། རྒྱུ་མ་རྡོལ་བ་དང་གཟུགས་པོ་ཡོངས་ལ་རྨས་སྐྱོན་མང་པོ་ཕོག་ནས་ནད་གཞི་ཧ་ཅང་ཚབས་ཆེན་པོ་འདུག” བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནད་ལྕི་ལྟ་སྐྱོང་ཁང(ICU)ནང་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པ་ཝང་པིན་དེ་ཉིན་ལས་རེས་ཡིན་ཞིང་། ཝང་པིན་གྱིས་ནད་གཞི་དེ་རིགས་ནར་འགྱངས་གཏན་ནས་གཏོང་མི་རུང་བ་ཤེས་རྗེས་འཕྲལ་མར་གཤགས་བཅོས་ཁང་དུ་དབོར།
“དེང་རབས་སྨན་བཅོས་མ་ལག་ཁྲོད་ནད་ལྕི་ལྟ་སྐྱོང་ཁང་ནི་ནད་པ་ཚབས་ཆེན་སྐྱོབ་བཅོས་བྱེད་ས་གལ་ཆེན་ཞིག་ཡིན། དེའི་སྨན་བཅོས་ཞབས་ཞུའི་སྤུས་ཚད་དེ་ནད་པའི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་སླར་གསོའི་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད”ཅེས་ཝང་པིན་གྱིས་བརྗོད་པ་དང་། ཁོང་གིས“དེ་དང་ཆབས་ཅིག་གསོ་རིག་ལག་རྩལ་ཡར་རྒྱས་ཕྱིན་པ་དང་བསྟུན་ནས། ང་ཚོས་ནད་པའི་ལུས་ཁམས་སྨན་བཅོས་ལ་དོ་ཁུར་བྱེད་དགོས་པ་མ་ཟད། ནད་པའི་སེམས་ཁམས་ཀྱི་དགོས་མཁོ་དང་མི་ཆོས་ལྡན་པའི་སེམས་ཁུར་ལའང་དེ་བས་དོ་ཁུར་བྱེད་དགོས”ཞེས་བརྗོད།
གཡག་གིས་བརྡུངས་ནས་རྨས་སྐྱོན་ཕོག་པའི་སྒྲོན་རིག(འགྱུར་མིང)གཟའ་འཁོར་གཅིག་སྨན་བཅོས་བྱས་རྗེས་ICUནས་དོན་ཐུབ་རེ་ཡོད་པ་རེད། ཚང་མ་ཡིད་ཆེས་ཀྱིས་ཁེངས་པའི་སྐབས་དེར་ནང་མིས་གློ་བུར་དུ་སྨན་པ་འཚོལ་བར་ཡོང་ནས་སྒྲོན་རིག་ཁྲིད་དེ་ཁྱིམ་ལ་ལོག་གི་ཡིན་ཞེས་བཤད།
ནང་མིའི་རེ་འདོད་དེར་ཚན་ཁག་གི་སྨན་པ་ཚོ་བསམ་ཤེས་གཏན་ནས་ཐུབ་མེད། རྒྱུ་མཚན་ནི་དུས་འགོའི་སྨན་བཅོས་ཀྱི་བརྒྱུད་རིམ་ནང་། འདི་ནི་དཀའ་ངལ་ཧ་ཅང་ཆེ་བའི་ཁྱིམ་ཚང་ཞིག་ཡིན་པ་དང་གནས་ཚུལ་ཛ་དྲག་པོ་ཡོད་པ་ཤེས་རྗེས། སྨན་ཁང་གིས་སྨན་བཅོས་གྲོན་དངུལ་སྔ་འདོན་བྱས་ནས་ནད་པ་དེར་དུས་ཐོག་ཏུ་སྨན་བཅོས་བྱས་པ་རེད། ཡིན་ནའང་གློ་བུར་དུ་ཁྱིམ་ལ་ལོག་དོན་གང་ཡིན་ནམ། ཝང་པིན་གྱིས་ནད་པའི་ནང་མི་དང་སྤེལ་རེས་ཟབ་མོ་བྱས་པ་བརྒྱུད་ནད་པ་དེ་ཐག་རིང་ལུང་ཁུག་གི་འབྲོག་ཁུལ་ནས་ཡིན་པ་དང་ད་ཆ་ལྟོ་ཆས་ཟ་བའི་དངུལ་ཡང་མེད་པ་ཤེས་རྟོགས་བྱུང་བ་རེད།
གནས་ཚུལ་དེ་ཤེས་རྗེས་ཚན་ཁག་གི་སྨན་པ་ཀུའེ་ཞི་དབྱིན་སོགས་ཀྱིས་སྒེར་དངུལ་བཏང་ནས་ནད་པར་རྩམ་པ་ཉོས་པ་དང་འབྲེལ། དངུལ་སྒོར་1000ཡང་སྤྲད་པ་རེད། རོགས་རམ་དེ་དག་གི་འོག སྒྲོན་རིག་གང་མགྱོགས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་ཐུབ་པ་བྱུང་ཡོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
“ནད་པར་སེམས་ཁུར་བྱེད་པའི་ཐད། ICUམི་ཆོས་རིག་གནས་ཀྱི་ཚན་ཁག་འཛུགས་སྐྱོང་བྱེད་སྐབས་རང་གཤིས་ཅན་དང་མི་གཤིས་ཅན་གྱི་ནད་གཡོག་ཞབས་ཞུ་མཁོ་འདོན་ལ་མཐོང་ཆེན་བྱེད་པ་དང་། ང་ཚོས་ནུས་པས་ལྕོགས་ཚད་ཀྱིས་རོགས་རམ་བྱེད་དགོས་རིགས་ལ་རོགས་རམ་བྱེད་ཀྱི་ཡོད”ཝང་པིན་གྱིས“ང་ཚོས་ད་དུང་ནང་མི་དང་ཐུག་འཕྲད་བྱེད་པའི་དུས་ཚོད་བཀོད་སྒྲིག་བྱས་ཏེ་ནད་པར་ནང་མིའི་རོགས་རམ་ཐོབ་པ་དང་དྲོ་སྐྱིད་ཚོར་བར་བྱས་པ་དང་། སེམས་ཁམས་བློ་འདྲིའི་ཞབས་འདེགས་ཞུས་ཏེ་ནད་པར་སེམས་ཁྲལ་དང་དངངས་སྐྲག་སེལ་རོགས་བྱས་པ། བདེ་ཐང་སླར་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ནད་པའི་གཟུགས་པོའི་ནུས་པ་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཡོད། བྱེད་ཐབས་དེ་དག་གིས་ནད་པའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད། ཁོང་ཚོས་སྨན་བཅོས་ཚོགས་པར་ཡིད་ཆེས་བྱེད་ཚད་དང་བློ་ཡིད་ཚིམ་ཚད་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་བརྗོད།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ICUལ་ལོ་ལྟར་གོས་དར་བཅུ་གྲངས་ལྷག་ཙམ་འབྱོར་གྱི་ཡོད་པ་དང་། ལོ་མང་རིང་། སྨན་པའི་ཀུན་སྤྱོད་དང་སྤྱོད་ཚུལ་ཡག་པོ་མེད་པའི་ཞུ་གཏུག་དང་སྨན་བཅོས་ཐད་ཀྱི་ཞུ་གཏུག་གཅིག་ཀྱང་འབྱོར་མེད། “སྨན་དོན་མི་སྣ་ཡིན་པའི་ངོས་ནས་ནད་པར་བསམ་ཤེས་དང་། མཐོང་ཆེན། བརྩི་འཇོག་བཅས་བྱེད་པའི་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས་དང་སྐོང་གང་ཐུབ་བྱེད་པ་དང་དུས་མཚུངས་ནད་པའི་སྨན་བཅོས་ཞབས་ཞུའི་རེ་བ་ཡང་ཤེས་རྟོགས་བྱེད་ཀྱི་ཡོད”ཝང་པིན་གྱིས་སྨན་པ་དང་ནད་པའི་དབར་འབྲེལ་འདྲིས་ཡག་པོ་བྱས་ན་སྨན་དོན་མི་སྣས་རང་ཉིད་དང་ནད་པའི་གསོ་རིག་གི་འདུ་ཤེས་ལེགས་སྒྲིག་བྱེད་པར་ཕན་ཐོགས་ཡོད་ལ། སྨན་པ་དང་ནད་པའི་དབར་ཕན་ཚུན་བསམ་ཤེས་ཡང་དག་དང་འབྲེལ་བ་མཐུན་སྦྱོར་བྱས་ན་སྨན་བཅོས་བྱེད་སྒོ་བདེ་བླག་ངང་སྤེལ་བར་འགན་ལེན་བྱེད་ཐུབ་ཅེས་བརྗོད།
ལོ་29ལ་སླེབས་པའི་སྒྲོལ་མ་ཚེ་རིང་ནི་ཝང་པིན་གྱི་སློབ་མ་ཡིན་པ་དང་2021ལོར་ICUཡི་སྨན་པར་གྱུར་ཡོད། “ཐོག་མར་ནད་གཞི་ལྕི་རིགས་ཚན་ཁག་ཏུ་སླེབས་ནས་གློ་བུར་དུ་ཐོན་པའི་གནས་ཚུལ་འཕྲད་སྐབས་རང་ཉིད་ལ་གདེང་ཚོད་དེ་ཙམ་མེད”སྒྲོལ་མ་ཚེ་རིང་གིས་རང་ཉིད་དེ་གར་སླེབས་རྗེས་གཏན་ནས་སྐྲག་མྱོང་མེད། གང་ལགས་ཤེ་ན། མཚན་གུང་གི་ཆུ་ཚོད་གཉིས་པ་གསུམ་པ་ཙམ་ཡིན་ནའང་སྒྲོལ་མ་ཚེ་རིང་གིས་དགེ་རྒན་ཝང་པིན་དང་འབྲེལ་བ་བྱེད་བདེ་པོ་ཡོད་པས་རེད་ཅེས་བརྗོད།
“སྨན་དོན་མི་སྣ་ནི་སྨན་ཁང་གི་ཚན་ཁག་འཛུགས་སྐྱོང་གི་སྟོབས་ཤུགས་གཙོ་བོ་ཞིག་ཡིན་ཞིང་། ཁོང་ཚོའི་ཆེད་ལས་ཀྱི་བྱང་ཚད་དང་མི་ཆོས་རིག་གནས་ཀྱི་བྱང་ཚད་ནི་ཚན་ཁག་གི་སྤྱི་ཡོངས་ཀྱི་ཆུ་ཚད་དང་ཐད་ཀར་འབྲེལ་བ་ཡོད”ཝང་པིན་གྱིས“ང་ཚོའི་ཚན་ཁག་གིས་སྨན་དོན་མི་སྣར་ལས་ཀ་ཡག་པོ་བྱེད་པའི་ཁོར་ཡུག་དང་སློབ་སྦྱོང་གི་རྣམ་པ་བཏོད་དེ་ཁོང་ཚོར་ཤེས་བྱ་གསར་པ་དང་ལག་རྩལ་གསར་པ་རྒྱུན་ཆད་མེད་པར་བསླབས་ནས་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་སྐུལ་མ་གཏོང་གི་ཡོད”ཅེས་བརྗོད།
ད་ཆ་སྒྲོལ་མ་ཚེ་རིང་ལ་ནད་པར་རང་ཚུགས་དོ་དམ་དང་ནད་ཁང་ལ་ཞིབ་བཤེར་བྱེད་པའི་ནུས་པ་ལྡན་ཡོད། “ན་གཞོན་སྨན་པ་ཞིག་ཡིན་པའི་ངོས་ནས། ང་ཚོའི་ཚན་ཁག་གིས‘བརྒྱུད་རོགས་ཁྲིད་གསུམ”གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། བོད་སྐྱོར་སྨན་པ་ཡིན་ནའང་འདྲ་ཡང་ན་ས་གནས་དེ་གའི་བསླབ་པ་རྒན་གྲས་སྨན་པ་ཡིན་ནའང་འདྲ། གང་ལྟར་ཚང་མས་རང་ཉིད་ཀྱི་ཉམས་མྱོང་དང་ལག་རྩལ་སྦས་གསང་མེད་པར་ན་གཞོན་སྨན་པར་སློབ་ཀྱི་ཡོད”ཅེས་སྒྲོལ་མ་ཚེ་རིང་གིས་བརྗོད།
“གོམ་སྟབས་རྗེས་མར། ང་ཚོས་དེང་རབས་ཀྱི་ཚན་རྩལ་བྱ་ཐབས་སྤྱད་དེ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་དཔེར་ན། རིག་ནུས་ཅན་གྱི་སྨན་བཅོས་སྒྲིག་ཆས་ནང་འདྲེན་དང་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་སྤེལ་བ་སོགས་བྱས་ནས་ནད་པར་དེ་བས་སྟབས་བདེ་དང་ནུས་ཆེའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡིན”ཞེས་ཝང་པིན་གྱིས་བཤད།
(《མི་དམངས་ཉིན་རེའི་ཚགས་པར་ཕྱི་ཕྱོགས་དྲིལ་བསྒྲགས་པར་ངོས》ནས་བརྒྱུད་འགོད་བྱས་པ)
(ཉི་དོན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)