འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་2024ལོའི་དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་བྱེད་སྒོའི་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ་རེད།
ད་ཐེངས་ཀྱི་དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་བྱེད་སྒོའི་གཟའ་འཁོར་ལ“སློབ་སྦྱོང་བྱེད་པ་དེ་འཚོ་བ་སྐྱེལ་སྟངས་ཤིག་ཏུ་འགྱུར་བ་བྱེད་པ”བརྗོད་དོན་གཙོ་བོར་བྱས་ཤིང་། བྱེད་སྒོ་གཉེར་དོན་ནི་དམངས་ཡོངས་ཀྱི་དཔེ་ཀློག་རྣམ་པ་གཏོད་པ་དང་། དམངས་ཡོངས་ཀྱི་སློབ་སྦྱོང་སྤྲོ་སེམས་འཕེལ་བ། དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་གི་སློབ་གསོའི་ཞབས་ཞུའི་མ་ལག་སྐྲུན་པ་བཅས་བྱས་ནས་དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་གཏོད་ཆེད་རེད། བྱེད་སྒོ་དེ་ཟླ་5ཚེས་19ཉིན་བར་གཉེར་རྒྱུ་ཡིན་པ་རེད།
འགོ་ཚུགས་མཛད་སྒོ་གཉེར་ཡུལ་དུ། གཙོ་གཉེར་ཕྱོགས་ཀྱིས་རང་ལྗོངས་ཀྱི་2024ལོའི་རྒྱལ་ཡོངས་ཀྱི་དུས་རབས་གསར་པའི“མི་སེར་གྱི་སློབ་སྦྱོང་དཔེ་བཟང་བ”དང“ཚེ་གང་སློབ་སྦྱོང་གི་སྤུས་རྟགས་རྣམ་གྲངས”ཀྱི་མཚན་སྙན་ཐོབ་པའི་མིང་ཐོ་སྒྲོག་སྦྱངས་བྱས་པ་རེད། 2024ལོའི་བོད་ཀྱི་དཔེ་ཀློག་ཁྱབ་གདལ་གཏོང་མཁན་ཡག་ཤོས་ཡིན་པའི་གཞིས་རྩེ་གྲོང་ཁྱེར་དཔེ་ཀློག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པ་སངས་དོན་གྲུབ་ཀྱིས་མྱོང་ཚོར་གླེང་བ་རེད། ཁོང་གིས“སློབ་སྦྱོང་ནི་ང་ཚོས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་པ་མ་ཟད། ང་ཚོས་རིག་གནས་རྒྱུན་འཛིན་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད”ཅེས་བཤད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་རིམ་པ་དང་པོའི་བརྟག་ཞིབ་པ་ཚེ་རིང་གིས། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་དཔེ་མཛོད་ཁང་དང་། མཛེས་རྩལ་ཁང་། རྟེན་མཛོད་ཁང་། ཚན་རྩལ་ཁང་། ཟློས་གར་ཁང་སོགས་སྤྱི་པའི་རིག་གནས་ཀྱི་སྒྲིག་བཀོད་གང་ལེགས་སྤྱད་དེ། གསར་བརྗེའི་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སོགས་ཀྱི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས། སློབ་སྦྱོང་ལག་ལེན་གྱི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་རྒྱ་ཆེའི་མང་ཚོགས་ལ་ཐག་ཉེ་སར་སློབ་སྦྱོང་བྱེད་པའི་གོ་སྐབས་དང་མཐུན་རྐྱེན་དེ་བས་མང་བ་བསྐྲུན་ནས་དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་ལ་ཞབས་འདེགས་ཞུ་ཡི་ཡིན་ཞེས་བཤད་པ་རེད།