འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5པའི་ཚེས14ཉིན་གནས་ཚུལ་འབྱོར་གསལ། ཚེས14ཉིན། མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་འཚོགས་ནས། འབྲེལ་ཡོད་ལས་དོན་སྤེལ་ཚུལ་ཉན་པ་དང་སྦྲགས་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་དང་རྒྱལ་ཁབ་གློག་དྲ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཕན་ཅིང་ཏུང་ཚོགས་འདུར་བཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཝེ་ཤིའུ་ཁྲང་གིས་དང་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཁབ་གློག་དྲ་ཀུང་སིར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཁོང་གིས། མཚོ་བོད་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་གློག་དྲ་ཀུང་སི་སོགས་ཕྱོགས་ཁག་དང་མཐུན་སྦྱོར་གཞོགས་འདེགས་ཧུར་ཐག་དང་རྒྱལ་ཁབ་ཀྱིས་བཏོན་པའི་དམིགས་བསལ་སྲིད་ཇུས་ཁག་བེད་སྤྱོད་གང་ལེགས་བྱས་ཏེ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་གློག་དྲའི་ལས་གྲྭ་གལ་ཆེན་ཁག་གཅིག་ཇུས་འགོད་དང་སྐུལ་འདེད་གཏོང་བར་དམ་འཛིན་ཡག་པོ་བྱེད་པ་དང་། བོད་ཀྱི་རྐང་འཛིན་གློག་སྒྲོམ་འཛུགས་སྐྲུན་དང་བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ཕན་ཅིང་ཏུང་གིས། རྒྱལ་ཁབ་གློག་དྲ་ཀུང་སིས་རིམ་ཁག་གློག་དྲ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། ལས་གྲྭའི་སྤུས་ཚད་དང་ཨར་ལས་བདེ་འཇགས་ལ་དམ་འཛིན་ནན་པོ་བྱེད་པ། སྤུས་ལེགས་དང་། ལྗང་མདོག ཞི་མཐུན་བཅས་ཀྱི་ལས་གྲྭ་གཏོད་པ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གློག་ཤུགས་ཀྱི་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
(ཚངས་འཁོར་གྱིས་བསྒྱུར། ལྷག་ཚེ་དང་པད་ཆོས་ཀྱིས་ཞུས)