《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月16日

གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི”བྱ་སྤྱོད་སྤེལ་བ།

ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་གཏོད་པ།

“ཞིབ་དཔྱོད་དཔོན་གྱིས་ངང་རྒྱུད་རིང་པོས་གསལ་འགྲེལ་བྱས་པས་ང་ཚོས་ཤེས་བྱའི་བདག་དབང་གི་གོ་དོན་དང་། དབང་གནོད་བྱ་ཐབས། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ལ་ངོས་འཛིན་ངེས་ཅན་ཞིག་བྱུང་ལ། བཅའ་ཁྲིམས་ཀྱི་ཐབས་ལམ་ལ་བརྟེན་ནས་བདག་དབང་གི་རྩོད་གཞི་སེལ་ཐབས་ཇི་ལྟར་བྱེད་དགོས་མིན་ཀྱང་ཤེས་བྱུང་། དེ་གོང་གློག་བརྙན་ཐོག་མར་སྟོན་སྐབས་མི་ཁ་ཤས་ཀྱིས་གློག་བརྙན་ཆ་ཚང་པར་བླངས་ནས་བརྐུས་པར་དར་ཁྱབ་འགྲོ་བའི་ཉེན་ཁ་ཡོད་པ་མཐོང་བྱུང་། ངས་དེ་རིང་སྦྱངས་པའི་ནང་དོན་ངའི་ལས་རོགས་གཞན་དག་ལ་བཤད་ནས་མི་དེ་བས་མང་བས་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྲུང་བ་བཅས་བྱས་ཏེ་བཅའ་ཁྲིམས་ཀྱི་ལག་ཆར་བརྟེན་ནས་རང་ངོས་ཀྱི་ཁེ་དབང་སྣ་ཚོགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གློག་བརྙན་ཁང་ཞིག་གི་ལས་དོན་པས་འདི་ལྟར་བཤད།

“ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི”སྐོར་གྱི་ཆེས་མཐོའི་ཞིབ་དཔྱོད་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་གཏོད་པ་དང་། གྱོད་འབྲེལ་ཁེ་ལས་ཀྱི་སྲོལ་མཐུན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་ཆེད། འདི་ལོ་ཚུན་གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་གྱོད་འབྲེལ་ཁེ་ལས་ཀྱི་སྲོལ་མཐུན་སྒྱུར་བཅོས་དང་ཁེ་ལས་དང་འབྲེལ་བའི“གྱོད་རྩད་མཚམས་འཇོག”གཙང་སེལ་ལས་དོན་དང་ཟུང་འབྲེལ་བྱས་ནས་ཇུས་འགོད་བཀོད་སྒྲིག་ཞིབ་ཚགས་བྱས་ཐོག་ཞིབ་ཕྲའི་བླང་བྱ་བཏོན་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་རྣམ་པ་འདྲ་མིན་གྱི“ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི”བྱེད་སྒོ་སྤེལ་ཏེ་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་གཡས་གཞོགས་གཡོན་འདེགས་བྱས་ཡོད།

གཞིས་རྩེ་གྲོང་ཁྱེར་གྱི་རིམ་གཉིས་ཞིབ་དཔྱོད་ལས་ཁུངས་ཀྱིས“མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་དྲང་གཞག་དང་དྲང་བདེན་ཚོར་ཐུབ་པར་འབད་དགོས་པ”དམིགས་ཚད་དུ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་མངོན་གསལ་དོད་པའི་གཙོ་གནད་གནད་དོན་འབུར་དུ་བཏོན་ཏེ་ཁེ་ལས་ཀྱི་དོ་ཁུར་ལ་ལན་བསློགས་ནས་ཚོང་ཁང་དང་ཁེ་ལས་སུ་བཅའ་ཁྲིམས་སྒྲོག་འགྲེལ་ཐེངས་15བྱས་པ་དང་། དྲིལ་བསྒྲགས་ཤོག་ལྷེ་1500ལྷག་ཙམ་སྤྲད་པ། མི་500ལྷག་ཙམ་ལ་ས་གནས་ས་ཐོག་ཏུ་ཁྲིམས་ཤོད་པ་བཅས་བྱས་ཏེ། སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་འབེན་ཡོད་སར་མདའ་འཕེན་པའི་དམིགས་ཚད་མངོན་འགྱུར་བྱས་ཡོད། གཞན་ཡང་། གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས“གནས་ནས་གནས་བར་དང་། གནས་ཀྱིས་ཁྱོན་ལ་སྣེ་ཁྲིད། ས་གནས་ས་ཐོག་ཏུ་ཁྲིམས་ཤོད་པ”སོགས་ཀྱི་བྱེད་ཐབས་བརྒྱུད་འགག་སྒོ་ལས་ཁུངས་ཀྱི་ལྐོག་བཤེར་འཛིན་བཟུང་སྡེ་ཚན་དང་མཉམ་དུ“ལྐོག་ཚོང་ལ་ངོ་རྒོལ་དང་། བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ། ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ། ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་བྱེད་པ”སོགས་ཀྱི་ནང་དོན་ལ་དམིགས་ནས་ཁོངས་གཏོགས་ཁུལ་གྱི་སྨན་ཚོང་ཁང་དང་། བྱུག་རྫས་ཚོང་ཁང་། དེབ་ཁང་། གྱོན་ཆས་ཚོང་ཁང་། གློག་བརྙན་གྲོང་སོགས་སུ་བསྐྱོད་དེ་ཚོང་ཁང་གི་སྒོ་འགྲམ་དུ་བཅའ་ཁྲིམས་ཞབས་ཞུའི་ས་ཚིགས་བཙུགས་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་པར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པ་རེད།

ཞིབ་དཔྱོད་ལས་ཁུངས་ཀྱིས་ཡུལ་དངོས་ལ་བསྐྱོད་ནས་གནས་ཚུལ་ཤེས་རྟོགས་བྱས་ཚེ་ཁེ་ལས་ལ་འཕྲད་པའི་བཅའ་ཁྲིམས་ཀྱི་དཀའ་ངལ་སྣ་ཚོགས་ཐག་གཅོད་དེ་བས་ལེགས་པ་བྱེད་ཐུབ། རིམ་གཉིས་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞབས་འདེགས་དམག་མིའི”འགན་འཁྲི་ཁུར་ནས་བཀའ་འབྱོར་འཕྲལ་སྒྲུབ་དང་དཔའ་ངར་ཆེར་སྐྱེད་ཀྱིས་ཆེས་མཐོའི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྱི་གྲོས་འགོ་སྣ་ཚོགས་དོན་འཁྱོལ་རྒྱུན་མཐུད་བྱེད་པ་དམ་འཛིན་བྱ་གཞིར་བྱས་ཏེ། ཁེ་ལས་དང་བཟོ་གྲྭར་བསྐྱོད་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱེད་པ་དང་དག་ཐེར་གྱི་གྲོས་འགོ་བཏོན་ཏེ། ས་གནས་ས་ཐོག་ཏུ་དོགས་གནད་དང་དཀའ་གནད་སེལ་བ་དང་གསལ་ཐོ་རྣམ་པའི་ཐོ་འགོད་བྱེད་ཐབས་ཀྱི་ཐོག་ནས་གནད་དོན་དང་དཀའ་ངལ་ངོ་བོའི་རང་བཞིན་གྱི་ཐོག་ནས་ཐག་གཅོད་བྱས་ཡོད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་། གཉེར་སྐྱོང་གི་ཉེན་ཁ། སྲོལ་མཐུན་སྟོང་ཆ་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་ཐེངས་45བཏོན་པས་ཁེ་ལས་ཀྱི་འཐུས་མིས་ས་ཆ་དེ་རང་དུ་མོས་མཐུན་བྱས་པ་མ་ཟད་བསྔགས་བརྗོད་དང་ཐུགས་རྗེ་ཆེའང་ཞུས་པ་རེད།

ཞིབ་དཔྱོད་ལས་དོན་ཇི་ལྟར་སྤེལ་མིན་དང་། དམིགས་ཚད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་མིན། ཞིབ་དཔྱོད་མཁོ་སྤྲོད་ཀྱིས་ཁེ་ལས་ཀྱི་དགོས་མཁོ་སྐོང་མིན་སོགས་ཐད་ནས་གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞིབ་དཔྱོད་ཀྱི་སྒོ་དབྱེའི་ཉིན་མོར”བརྟེན་ཏེ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཁེ་ལས་ཀྱི་འཐུས་མིས“12309”ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་དང་། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱད་ཚད་ལེན་ཁང་། ཞིབ་དཔྱོད་གྲངས་འཛིན་ཉར་ཚགས་ཁང་སོགས་ལ་ལྟ་སྐོར་བྱེད་པར་གདན་དྲངས་པ་དང་ཡོངས་བསྒྲགས་དཔང་ཉན་ཚོགས་འདུར་ལྟ་སྦྱོང་བྱེད་པ་དང་ཆབས་ཅིག བཞུགས་མོལ་ཚོགས་འདུའི་རྣམ་པའི་ཐོག་ནས་ཁེ་ལས་ཀྱི་འཐུས་མིའི་དགོས་མཁོ་དང་བསམ་འཆར་རྒྱ་ཁྱབ་ཉན་ཏེ་ཞིབ་དཔྱོད་དང་ཁེ་ལས་དབར“ཉེ་གཙང”གི་འབྲེལ་བ་ཆགས་པར་བྱས་ནས་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་དྭངས་གཙང་ཞིག་བཏོད་ཡོད།

(བསྟན་བཟང་གིས་བསྒྱུར། དམ་ཆོས་ཀྱིས་ཞུས)