འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་ནུས་རྒྱུ་གྲོན་ཆུང་བཅའ་ཁྲིམས་དང་ནུས་རྒྱུ་གྲོན་ཆུང་ལྟ་ཞིབ་བྱེད་ཐབས་སོགས་འབྲེལ་ཡོད་སྲིད་ཇུས་ཡིག་ཆ་ལག་བསྟར་ནན་པོ་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལས་དོན་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་པས་གཙོ་གནད་ཁྱབ་ཁོངས་ཁག་གི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།
ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ཐད། རང་ལྗོངས་ཀྱིས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར“1+N”གྱི་སྲིད་ཇུས་མ་ལག་བཟོས་ནས་ལྗང་མདོག་ཐཱན་ཉུང་རྣམ་གྲངས་གསོག་འཇོག་ཧུར་ཐག་བྱས་ཤིང་། མིག་སྔའི་བར་རང་ལྗོངས་ཀྱི་ཐཱན་འབུད་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ལེགས་པ་ཡོད་པ་དང་མི་རེའི་ཆ་སྙོམས་ཀྱི་ཐཱན་འབུད་ཚད་དེ་རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཆུ་ཚད་ཀྱི་གསུམ་ཅ་གཅིག་ཙམ་ལས་ཟིན་གྱི་མེད། ནུས་རྒྱུ་གཙང་མ་འཛུགས་སྐྲུན་དང་བེད་སྤྱོད་ཐད། 2023ལོར་ལྗོངས་ཡོངས་ཀྱི་ནུས་རྒྱུའི་ལས་རིགས་ལ་མ་དངུལ་གཏོང་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་95.05%བཟུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་བསྡུར་ཚད་བཟུང་ཚད་86%ལྷག་ཙམ་ཟིན་ནས་ལྷ་ས་དང་ཆབ་མདོའི་སྤྱི་སྤྱོད་རླངས་འཁོར་ཚང་མ་ནུས་རྒྱུ་གསར་པའི་རླངས་འཁོར་ལ་གྱུར་ཡོད་པ་རེད།