འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། 2023ལོ་ཚུན། ལྷོ་ཁ་གྲོང་ཁྱེར་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཤེས་ལྡན་པ་ཐོན་ཁུངས་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། “གསོ་སྐྱོང་དང་། གདན་ཞུ། སྤྱོད་པ། གནས་ཐུབ་པ”སོགས་ཀྱི་ལྷུ་ཚིགས་ཁག་གི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་དང་། ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་བསྡུ་ལེན་རྒྱ་ཁྱབ། ཤེས་ལྡན་པའི་གྲོང་ཁྱེར་སྟོབས་ཆེན་གྱི་འཐབ་ཇུས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་བཅས་བྱས་ཏེ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་ལྷོ་ཁ་གྲོང་ཁྱེར་གྱི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”ལ་སྐུལ་འདེད་གཏོང་ཆེད། བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་ཁག་གཅིག་གཅིག་འདུས་བྱས་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་བྱང་ཚད་མཐོ་བ་དང་ཞན་ཆ་སེལ་བའི་ཤེས་ལྡན་པ་གསོ་སྐྱོང་གི་བྱེད་ཐབས་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པའི་གྲོང་ཁྱེར་ཡོངས་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་ལག་བསྟར་བསམ་འཆར་བཏོན་ཏེ། སྟབས་བསྟུན་ངང་ཤེས་ལྡན་པ་ནང་འདྲེན་བྱས་པ་མ་ཟད། ཕུལ་བྱུང་ཤེས་ལྡན་པ“ནུབ་རྒྱུད་འོད་སྣང”གསོ་སྐྱོང་བྱ་ཡུལ་དུ་མངགས་པ་དང་། ཕུལ་བྱུང་ཤེས་ལྡན་པ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་རྗེས་སྙེག་སློབ་སྦྱོང་དང་སྦྱོང་བརྡར་བྱེད་པར་བཏང་བ། ཤེས་ལྡན་པའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། རྒྱ་ཆེའི་ཤེས་ལྡན་པས་རྒྱལ་གཅེས་ལེགས་སྐྱེས་འབུལ་བ་དང་ལྷོ་ཁར་ཞབས་འདེགས་ཞུ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་ཤེས་ལྡན་པ་ཡག་པོ་སྤྱོད་པ་དང་ཤེས་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་མཐའ་འཁྱོངས་བྱས་ནས། 2023ལོར“ཤེས་ལྡན་པ་རྩེ་གྲ་ལྷོ་ཁར་སྐྱོད་པའི་བྱ་སྤྱོད”ཀྱི་བྱེད་སྒོ་ཐོག་མར་སྤེལ་ཏེ། གདན་དྲངས་པའི་ཤེས་ལྡན་པ་རྩེ་གྲས་རྟོག་ཞིབ་དང་བརྟག་ཞིབ་དངོས་བྱེད་རིང་ཐབས་དང་ཇུས་བཏོན་ཏེ་ས་གནས་དེ་གར་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་རོགས་བྱས་པ་དང་། “གྲངས་འཛིན་དཔལ་འབྱོར་ལས་ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྦྱིན་པ”ཞེས་པའི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་གཉེར་ནས། ཤེས་ལྡན་པའི་བློ་རིག་གི་ལེགས་ཆ་གཅིག་འདུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ། “ཤེས་ལྡན་པ་ཡར་ཀླུང་དུ་འཛོམས། ལྷོ་ཁ་རུ་ཕུགས་ཀྱི་འདུན་པ་འགྲུབ”ཅེས་པའི་ཤེས་ལྡན་པའི་ཞབས་ཞུའི་ཟླ་བའི་བྱེད་སྒོ་སྐབས་དང་པོ་གཉེར་ནས། ཕུལ་བྱུང་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་སྒྲིག་འཛུགས་ཀྱིས་གཞི་རིམ་དུ་བསྐྱོད་དེ་ཞབས་ཞུའི་ལས་དོན་སྤེལ་བས། རིགས་ཁག་གི་ཤེས་ལྡན་པས་ཡར་ཀླུང་ས་གཞི་ཆེ་མོར་རང་ཉིད་ཀྱི་བློ་རིག་ངོམས་པ་དང་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད། (སྒྱུར་ཞུས་པ་མཚམས་གཅོད)