འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཁེ་ལས་ཀྱི་བདེ་འཇགས་འཕེལ་རྒྱས་ཀྱི་ཆུ་ཚད་དོ་མི་སྙོམ་པའི་གནད་དོན་ཐག་གཅོད་བྱས་ནས། ཁེ་ལས་ལ་བདེ་འཇགས་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གི་ལས་དོན་པས་ཁོང་གཏོགས་ཁུལ་གྱི་བོད་ལྗོངས་ཧང་ལུང་ལྕགས་དང་ངར་ལྕགས་ཟོག་འགྲེམས་ཚད་ཡོད་ཀུང་སིར་བསྐྱོད་དེ“གཅིག་གཏད་གཅིག”གི་བདེ་འཇགས་ཐོན་སྐྱེད་མཛུབ་ཁྲིད་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་རེད།
བྱེད་སྒོ་སྤེལ་རིང་། སྟོད་ལུང་བདེ་ཆེན་ཆུས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་འཕྲད་པའི་དོན་དངོས་ཀྱི་དཀའ་ངལ་དང་གནད་དོན་ས་གནས་ས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཡོད། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དང་མཉམ་དུ་གྲོས་བསྡུར་བྱས་པ་བརྒྱུད། ཁེ་ལས་ལ་སྔར་བས་ཚན་རིག་དང་མཐུན་ཞིང་བཀོལ་སྤྱོད་ཆོག་པའི་དག་ཐེར་ཇུས་གཞི་མཁོ་འདོན་དང་། ཁེ་ལས་ལ་མཛུབ་ཁྲིད་བྱས་ནས་མངོན་མེད་རྐྱེན་ངན་དག་ཐེར་གྱི་ཇུས་གཞི་ལེགས་སུ་བཏང་སྟེ་ཁེ་ལས་ཀྱི་བདེ་འཇགས་ལ་དོ་དམ་གྱི་འཇོན་ཐང་མུ་མཐུད་ཆེ་རུ་གཏོང་རོགས་བྱས་ཡོད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)