《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月15日

ཐོག་མའི་བསམ་འདུན་དོན་དུ་གཉེར། ས་མཐོར་བྱས་རྗེས་ཧུར་ཐག་འཇོག

—— པེ་ཅིང་དང་ཅང་སུའུ་ཡི་སྤྱི་བདེ་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་ལྷ་སའི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

དུས་ཡུན་རིང་པོའི་ནང་། པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་དང་ཅང་སུའུ་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུད་ཀྱིས་བོད་སྐྱོར་ལམ་སྲོལ་གསར་གཏོད་བྱེད་པ་དང་། བོད་སྐྱོར་ཐབས་ལམ་རྒྱ་ཆེར་གཏོང་བ། བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བོད་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས། ཕྱོགས་ཡོངས་དང་། ཁྱབ་ཁོངས་མང་བ། གཏིང་ཟབ་པ་བཅས་ཀྱི་བོད་སྐྱོར་ལས་དོན་སྤེལ་འགོ་བཙུགས་ཏེ་ལྷ་སའི་སྤྱི་བདེའི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་རོགས་རམ་བྱས་ཡོད།

“གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་ཏེ་རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱས་པ།

ཉེ་བའི་ལོ་ཤས་རིང་། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་ཀྱིས“རོགས་སྐྱོར་དང་ལེན”བྱེད་ཐབས་སྤྱད་དེ་ཅུས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་དང་འགོ་ཁྲིད་ལས་བྱེད་པ་གདམ་གསེས་བྱས་ནས་སྤྱི་ཚོགས་བདེ་འཇགས་དོ་དམ་དང་། སྡེ་ཁུལ་གྱི་ཉེན་དོན་དོ་དམ། ཉེན་བརྡ་དང་ལེན་ཐག་གཅོད། ཕྱོགས་མི་དོ་དམ། ཏང་རྩ་འཛུགས་འཛུགས་སྐྱོང་། རྨང་གཞིའི་གྲངས་གཞི་འཚོལ་བསྡུ་དང་ཕབ་འཇུག ཉེན་དོན་གྱི་དངོས་འཐབ་རྩལ་ནུས་སོགས་ཐད་པེ་ཅིང་དང་ཅང་སུའུ་སོགས་སུ་སློབ་སྦྱོང་གསོ་སྦྱོང་བྱེད་པར་བསྐྱོད་དེ་དངོས་འཐབ་ཀྱི་དགོས་མཁོ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཁ་གཏད་རོགས་སྐྱོར་དང་ལེན་ལས་ཀའི་གྲུབ་འབྲས་སྤྱི་བདེའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཞིབ་ཕྲའི་བྱ་ཐབས་སུ་བསྒྱུར་ནས། མི་དམངས་ཉེན་རྟོག་པས་སྦྱངས་པའི་སྔོན་ཐོན་འདུ་ཤེས་དང་ལས་ཀའི་སྤྱོད་ཚུལ་བཟང་པོ་རང་འཁྲིའི་ལས་ཀའི་ནང་མགྱོགས་མྱུར་སྤྱོད་ཐུབ་པར་སྐུལ་འདེད་བཏང་ཡོད།

“ལོ་མང་རིང་། ང་ཚོས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་དང་བྱེད་སྟངས་ཡག་པོ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་མ་ཟད། “གཞན་བརྟེན”ནས‘རང་བརྟེན”དུ་དེ་བས་ཧུར་ཐག་བསྒྱུར་ཏེ་མིག་རྒྱང་རིང་པོ་དང་སྦྱངས་པའི་རིག་གནས་དོན་དངོས་ཁྲོད་གང་ལེགས་ཁྱབ་པར་བྱེད་པ་དང་། ང་ཚོའི་ཁོངས་གཏོགས་ཀྱི་བཅོས་སྐྱོང་བྱེད་སྟངས་དང་དེ་བས་མཐུན་པ་གསར་གཏོད་བྱས་ཏེ་སྤྱི་བདེའི་ལས་སྒོ་ཁག་ཕྱོགས་ཡོངས་ནས་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད”ཅེས་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྟོབས་རྒྱལ་ཆེ་བས་བཤད་པ་དང་། ཁོང་གིས“པེ་ཅིང་དང་ཅང་སུའུ་ཡི་སྤྱི་བདེ་ལས་ཁུངས་དང་མཛའ་གྲོགས་མཉམ་འགུལ་ཟབ་ཏུ་གཏོང་ཆེད། ང་ཚོས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་དང་མཛའ་གྲོགས་མངགས་གཏོང་ཁང་གི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཁ་གཏད་རོགས་སྐྱོར་སྒྲོམ་གཞིའི་གྲོས་མཐུན་འོག་གཞི་རིམ་སྡེ་ཚན་གྱི་མཉམ་ལས་སྔར་བས་རྒྱ་ཆེར་བཏང་ནས་པེ་ཅིང་དང་ཁྲང་ཀྲོའུ་ཡི་སྤྱི་བདེ་ལས་ཁུངས་ཀྱི་ལས་དོན་ཐད་ལེགས་ཆ་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད། ཐུན་མོང་མཐོར་འདེགས། མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་བྱང་ཚད་མཐོ་བའི་ཉེན་རྟོག་གི་སྟོབས་ཤུགས་ཆེ་རུ་བཏང་སྟེ་ལས་ཀའི་རྣམ་པ་གསར་པ་ཞིག་བཏོད་ཡོད”ཅེས་ངོ་སྤྲོད་བྱས།

རིག་སྟོབས་བོད་སྐྱོར་བྱས་ནས་ཚན་རྩལ་ལ་བརྟེན་ཏེ་ཉེན་རྟོག་གི་སྟོབས་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ།

ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བར་མི་ཤུགས་ལ་བརྟེན་དགོས་པ་མ་ཟད། རིག་སྟོབས་དང་ཚན་རྩལ་ལ་དེ་བས་ཀྱང་བརྟེན་དགོས།

2016ལོར་ཕྱོགས་ཁག་གི་བོད་སྐྱོར་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་འོག་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ལག་རྩལ་ཚན་རིག་ཞིབ་འཇུག་སུའོ་བཙུགས་པ་རེད།

ཐོག་མའི་ཁང་མིག་གཉིས་དང་མི་10ཡང་མ་ཟིན་པའི་གཞུང་ལས་ཁང་ནས་ད་ཆའི་ཐོག་ཁང་གསར་རྐྱང་དང་ཆེད་ལས་ཁྲིམས་དཔྱད་སྨན་པ་30ལྷག་ཙམ་བར། ད་ཆ་ལྷ་སའི་ཉེས་དོན་གྱོད་གཞི་རྩད་གཅོད་བྱེད་པའི་དུས་ཚོད་དེ་སྔ་ལས་ཐུང་དུ་ཕྱིན་པ་དང་གྱོད་གཞི་རྩད་གཅོད་བྱེད་པའི་སྤུས་ཚད་དེ་བས་ཡག་ཏུ་ཕྱིན་ཡོད།

“ང་ཚོའི་ཉེས་དོན་ལག་རྩལ་ཚན་རིག་ཞིབ་འཇུག་སུའོ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་བྱུང་ཡང་རྒྱལ་ཡོངས་དང་བསྡུར་ན་ད་དུང་ཧེ་བག་ཧ་ཅང་ཆེ་བ་དང་ལག་རྩལ་ཁྱབ་ཁོངས་སུ་ད་དུང་ཞན་ཆ་མང་པོ་གནས་ཡོད”ལྷ་ས་གྲོང་ཁྱེར་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གཞོན་པ་ཐང་ཤིན་གྱིས“དུས་ཡུན་རིང་པོའི་ནང་། ནན་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ནད་ལུགས་ཚོད་ལྟ་ཁང་གིས་ང་ཚོར་རིན་མེད་ངང་ནད་ལུགས་བརྟག་དཔྱད་བྱེད་རོགས་བྱས་པས་ང་ཚོའི་མི་ཤུགས་དང་ལག་རྩལ་ཐད་ཀྱི་གནོན་ཤུགས་ཆུང་དུ་ཕྱིན་པ་མ་ཟད། ང་ཚོས་གྱོད་གཞི་བདེ་བླག་ངང་རྩད་ཆོད་པར་ཆེད་ལས་ལྡན་ཤོས་དང་རྒྱབ་སྐྱོར་ཆེ་ཤོས་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་མི་དམངས་ཉེན་རྟོག་པ་ཁག་ཐེངས་དབྱེ་ནས་ཕྱིར་མངགས་ཏེ། ཅང་སུའུ་ཞིང་ཆེན་སྤྱི་བདེ་ཁོངས་གཏོགས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་དང་གྱོད་གཞི་མྱུལ་ཞིབ་སོགས་ཀྱི་སྔོན་ཐོན་ཐབས་ཤེས་དང་འདུ་ཤེས་སློབ་སྦྱོང་བྱས་ནས་ལྷ་སར་ལས་སྒོ་བྱང་ཆུབ་པའི་ཆེད་ལས་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད། “འདི་ལོ་མི་དམངས་ཉེན་རྟོག་པ་ཡོངས་ཉེས་དོན་མྱུལ་ཞིབ་རྩལ་ནུས་དེ་བས་མང་བ་སློབ་སྦྱོང་བྱེད་པར་མངག་རྒྱུའི་འཆར་གཞི་ཡོད”ཅེས་ཐང་ཤིན་གྱིས་བཤད།

མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས་ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་བསྟར་བ།

2022ལོའི་ཟླ་7པར། པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་བོད་སྐྱོར་ལས་བྱེད་པ་ཧྥུའུ་ཡུན་ཧུའེ་ཡིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་ཁུར་ནས། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་བཀོད་འདོམས་ལྟེ་གནས་དང་། ནགས་ཚལ་ཉེན་རྟོག་ཉིང་ལག་རུ་ཁག ཁྲེང་ཀོན་ཆུས་བྱང་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་སྙེ་མོ་རྫོང་སྤྱི་བདེ་ཅུས་དང་འབྲེལ་གཏུག་བྱེད་པ་བཅས་ཀྱི་ལས་བགོས་དོ་དམ་འགན་ལེན་བྱས།

སྤྱི་པའི་བདེ་འཇགས་སྡེ་ཚན་གྱི་གསང་འཕྲིན་བཀོད་འདོམས་དང་བྱ་སྤྱོད་སྤེལ་ནུས་ཆེ་རུ་བཏང་ནས། སྤྱི་བདེའི་གསང་འཕྲིན་ལས་དོན་དེང་རབས་ཅན་དང་ཆ་འཕྲིན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། 2023ལོར་ཧྥུའུ་ཡུན་ཧུའེ་ཡིས་110ཉེན་བརྡ་དང་ལེན་ཐག་གཅོད་ཀྱི་ལས་སྟེགས་དང་12345གྲོང་ཁྱེར་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལས་སྟེགས་ཀྱི་གྲངས་གཞི་སྦྲེལ་མཐུད་འཁོར་རྒྱུག་དང་ཟུང་འབྲེལ་དང་། 110ཉེན་བརྡ་དང་ལེན་ཐག་གཅོད་ཀྱི་ཉེན་རྟོག་གནས་ཚུལ་གྱི་གྲངས་གཞི་ཚད་ལྡན་གྱི་བླང་བྱ་སོགས་དང་ཟུང་འབྲེལ་བྱས་ནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་110ཉེན་བརྡ་དང་ལེན་ཐག་གཅོད་ལས་སྟེགས་རིམ་སྤོར་འདུ་འགོད་ལ་སྐུལ་འདེད་དང་ལག་བསྟར་བྱས་པ་དང་འབྲེལ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི“གསང་འཕྲིན་དང་། བཀོད་འདོམས། བྱ་སྤྱོད”བཅས་ཀྱི་ལྟེ་གནས་བསྐྱར་སྐྲུན་རྒྱས་སྐྲུན་ལས་དོན་འཆར་འགོད་བྱས་པ་མ་ཟད་དེར་རིམ་བཞིན་སྐུལ་འདེད་ཀྱང་བཏང་ཡོད།

2023ལོ་ཚུན། ཧྥུའུ་ཡུན་ཧུའེ་ཡིས་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རིགས་གཅིག་མཁས་ཅན་དང་མི་དམངས་ཉེན་རྟོག་པ་19སྒྲིག་འཛུགས་ཧུར་ཐག་གིས་ལྷ་སར་དུས་ཐུང་བོད་སྐྱོར་རྣམ་གྲངས་ལག་ལེན་བསྟར་བར་ཡོང་བ་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རྐང་འཛིན་ཉེན་རྟོག་པ་20སྒྲིག་འཛུགས་ཀྱིས་པེ་ཅིང་གྲོང་ཁྱེར་མི་དམངས་ཉེན་རྟོག་སློབ་གླིང་དུ་གཅིག་སྡུད་སློབ་སྦྱོང་བྱེད་པར་བསྐྱོད་ཡོད། བོད་སྐྱོར་བཀོད་འདོམས་པུའི་ལས་དོན་ཁྲོད། འགྲིམ་འགྲུལ་གྱི“ཚོགས་སྒྲིག་ཆུང་ངུའི”འགན་འཁུར་བ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད། 《ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་བྱ་སྤྱོད་འཆར་གཞི》རྩོམ་སྒྲིག་བྱས་པ་དང་འབྲེལ། ལམ་མདོ་5སྒྱུར་བཀོད་དང་། སྣེ་ཆད་གཞུང་ལམ་11ཤར་གཏོང་། སྤྱི་སྤྱོད་རླངས་འཁོར་ས་ཚིགས་མང་པོ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།

བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ། ས་མཐོའི་ཁོར་ཡུག་ལས་བྱུང་བའི་མི་བདེ་བའི་གནས་ཚུལ་སྣ་ཚོགས་ཁྱད་བསད་ཧུར་ཐག་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ལས་དོན་སྒྲུབ་པ། རིག་སྟོབས་བོད་སྐྱོར་དང་། ཤེས་ལྡན་པའི་བོད་སྐྱོར། ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་སོགས་ཀྱི་ཐད་ལས་དོན་འབོར་ཆེན་སྒྲུབ་པ། བློ་གྲོས་དང་བྱ་སྤྱོད་ལ་བརྟེན་ཏེ་ལྷ་སའི་སྤྱི་བདེའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བཅས་བྱས་ནས་ལྷ་སའི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ཡོད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)