འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གི་ནས་ཐོན་ལས་ཀྱི་ལག་རྩལ་མ་ལག་སྐྲུན་འགོ་ཚུགས་པའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུར་ནས་ཐོན་ལས་མ་ལག་གི་ཚོད་ལྟ་འཛུགས་སྐྲུན་གྱི་རིགས་གཅིག་མཁས་ཅན་ཚོགས་པ་དང་། ལས་འགན་དམིགས་ཚད། སྤྱིའི་བསམ་ཕྱོགས་བཅས་ཁ་གསལ་བཏོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སོན་བཟང་འདེབས་གསོ་དང་། ཐབས་བཟང་ལྷན་སྦྱར། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན། ནས་འདེབས་ཁྱོན་དོན་འཁྱོལ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད། འབྲུ་རིགས་ཐོན་ཚད་བརྟན་པོའི་ངང་འཕར་ནས། རང་ལྗོངས་ཀྱི་འབྲུ་རིགས་རྒྱུན་མཐུད་ངང་ཐོན་འཕར་ཡོང་བར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར“འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་དགོས”ཞེས་ཁ་གསལ་བཏོན་ཡོད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ནས་ཐོན་འཕར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ཞིང་། རང་ལྗོངས་ཀྱི་ཞིང་ལས་འཕེལ་རྒྱས་ལ་འགྱུར་ལྡོག་གསར་པ་དང་། འགྲན་སློང་གསར་པ། གོ་སྐབས་གསར་པ་བཅས་འཕྲད་པའི་འགག་རྩའི་དུས་སྐབས་འདིར་རང་ལྗོངས་ཀྱིས་ནས་ཀྱི་ཐོན་ལས་ཀྱི་ལག་རྩལ་མ་ལག་སྐྲུན་འགོ་བཙུགས་པ་རེད།
ཚོགས་འདུའི་ཐོག ནས་ཀྱི་ཐོན་ལས་ལག་རྩལ་མ་ལག་གི་དམིགས་ཚད་དང་ལས་འགན་ཧ་ཅང་གསལ་པོ་ཡོད་པས། ནས་ཀྱི་མ་ལག་ཚོགས་པས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གནད་དོན་གྱི་ཁྲིད་སྟོན་མངོན་གསལ་དོད་དུ་གཏོང་བ། གྲུབ་འབྲས་གཞན་སྒྱུར་ལ་མཐོང་ཆེན་བྱེད་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མ་ལག་གི་ལས་འགན་ལག་བསྟར་ནན་ཏན་བྱེད་པ། སོ་ནམ་དུས་ཚོད་ལ་དམ་འཛིན་ཏན་ཏིག་བྱེད་པ། ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་དཔྱིད་འདེབས་བཅས་བྱས་ནས་འདི་ལོའི་ནས་ཀྱི་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། རྣམ་གྲངས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་ཁག་ལག་བསྟར་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལས་དོན་སྒྲུབ་ཚུལ་དུས་བཀག་ལྟར་བརྡ་ཁྱབ་གཏོང་བ། འཕེལ་རིམ་ལ་དུས་བཀག་ལྟར་ལྟ་བ། གནད་དོན་ལ་ཞིབ་བཤེར་བྱེད་པ། བྱེད་ཐབས་ལག་ལེན་བཅས་བྱས་ཏེ། འཆར་གཞིའི་འཕེལ་རིམ་ལྟར་ལེགས་སྒྲུབ་བདེ་བླག་ཡོང་བར་སྐུལ་འདེད་བཏང་ནས་ད་ལོའི་མ་ལག་གི་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་ཡོང་བར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)