《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月13日

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མལ་གྲོ་གུང་དཀར་རྫོང་དུ“གཅིག་གཏད་གཅིག”གིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་10ཉིན་གནས་ཚུལ་འབྱོར་གསལ། ཚེས་9ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་དང་བཅས་པས་མལ་གྲོ་གུང་དཀར་རྫོང་མོན་པ་ཤང་དུ་བརྟག་ཞིབ་གནང་བར་ཕེབས་ཏེ། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་དང་། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ། སྙན་ཞུ་གསན་པ་བཅས་ཀྱི་ཐོག་ནས་མོན་པ་ཤང་གི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ལས་གྲྭར་ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བར་བསམ་ཕྱོགས་འཚོལ་རོགས་དང་ཐབས་ཤེས་འདོན་རོགས་གནང་བ་རེད།

ཝུའེ་ཤིའུ་ཁྲང་གིས། རྒྱལ་ཁབ་བསྐྱར་དར་ཡོང་བར་བྱེད་དགོས་ན་གྲོང་གསེབ་ངེས་པར་དུ་དར་རྒྱས་གཏོང་དགོས། ཁོངས་གཏོགས་ས་ཆའི་སྲིད་གཞུང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་དང་དཔེ་མཚོན་ཚད་གཞི་མཐོན་པོས་གཏོད་དགོས་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་སྤྱིའི་བླང་བྱ་དང་བསྡུར་བ་དང་དམིགས་ཚད་གཙོ་བོར་དམིགས་ནས“གཅིག་གཏད་གཅིག”གིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་དཔེ་སྟོན་གཙོ་གནད་ལས་དོན་སྐུལ་སྤེལ་གྱི་ཇུས་གཞི་དང་རྣམ་གྲངས་ཀྱི་གསལ་ཐོ་བཟོ་བ་དང་། ལས་འགན་ཞིབ་ཚགས་སུ་གཏོང་བ། དམིགས་ཚད་ཁ་གསལ་བཟོ་བ་བཅས་བྱེད་དགོས་པ་དང་། ཁོངས་གཏོགས་ས་ཆའི་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ། ལས་དོན་ཆེད་སྒྲུབ་ཚོགས་ཆུང་འཛུགས་པ་དང་ཆབས་ཅིག “གཅིག་གཏད་གཅིག”གིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་གྱི་དཔེ་སྟོན་ལས་གྲྭ་དེ་ཉིད་བཀྲག་མདངས་འཚེར་བའི་ལས་གྲྭ་ཞིག་ཏུ་བསྐྲུན་ནས་ས་ཁོངས་གཅིག་གི་དཔེ་སྟོན་ནུས་པ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ཁྲོད་ཐོན་པ་་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)