《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月13日

དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དངུལ་རྩ་འཁོར་རྒྱུག་གི་རྣམ་པ་བཟང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་10ཉིན། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཉེར་བའི་2024ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དངུལ་རྩ་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་གནད་འཁེལ་དང་ཕན་ནུས་ལྡན་པའི་སྒོ་ནས་དངུལ་ལོར་སྲིད་ཇུས་དང་བོད་ལ་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་བྱས་པས། དངུལ་རྩའི་ཞབས་འདེགས་ཞུ་མཁན་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་ནས་དངུལ་རྩ་འཁོར་རྒྱུག་ལ“སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་སོང་བ་དང་། ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་གནད་འཁེལ་ཐུབ་ནས་ཕན་འབྲས་ཐོན་པ། གཙོ་གནད་ཁྱབ་ཁོངས་ཀྱི་འགན་སྲུང་ནུས་ལྡན་བྱུང་བ། མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ངང་ཆག་པ། སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་བཅས”ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

ཟླ་གསུམ་པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་ལྡན་ཚད་སྒོར་དུང་ཕྱུར་8362.35ཟིན་པ་དེ་དུས་མཚུངས་ལས་13.10%འཕར་བ་དང་། ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་7.53ཟིན་པ་དང་། འདི་གའི་ཕྱི་དངུལ་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6404.12ཟིན་པ་དེ་དུས་མཚུངས་ལས་1.98%འཕར་བ། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6380.75ཟིན་པ་དེ་དུས་མཚུངས་ལས་13.55%འཕར་ནས་དུས་མཚུངས་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱི་རིགས་ཁག་གི་གཙོ་གནད་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་བར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་ཆེ་རུ་བཏང་བ་དང་། ཡིད་རྟོན་མ་དངུལ་གཏོང་ཚད་ལུགས་མཐུན་ངང་སྟངས་འཛིན་བྱས་ཏེ། གནད་འཁེལ་དང་ཕན་ནུས་ལྡན་པའི་སྒོ་ནས་བརྟན་ལ་འཐུས་སྒོ་ཚང་བའི་དངུལ་ལོར་སྲིད་ཇུས་ལག་ལེན་བསྟར་བ། “བྱ་ཐབས་ཆེན་པོ་ལྔར”དམིགས་ནས་འཐབ་ཇུས་གལ་ཆེན་དང་གཙོ་གནད་ཁྱབ་ཁོངས་དང་། དེ་བཞིན་ལྷུ་ཚིགས་ཞན་ས་བཅས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཟླ་གསུམ་པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི“གློག་ཤུགས་དང་། ས་འོག་ཚ་ནུས། སོལ་རླངས། ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས”དང་། “འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་སྲིད་ལས་རིགས”བཅས་ཀྱི་དངུལ་བུན་ལྷག་གྲངས་28.17%དང་16.68%ཁག་སོ་སོར་འཕར་བ་དང་། ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་དངུལ་བུན་ལྷག་གྲངས་དུས་མཚུངས་ལས་24.71%འཕར་བ། ཀུན་ཕན་གྱི་ཕྲན་ཚེགས་ཁེ་ལས་ཆུང་ངུའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་419.77ཟིན་པ་དེ་དུས་མཚུངས་ལས་40%བརྒལ་བ། ལྗང་མདོག་དངུལ་བུན་ལྷག་གྲངས་1329.01ཟིན་པ་དེ་དུས་མཚུངས་ལས་30.49%འཕར་ནས་དུས་ཚིགས་9བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)