སྐྱེ་རྒུའི་བསོད་ནམས་ཀུན་གསལ་ཡངས་པའི་ངོས། །
ཅི་ཡང་སྐྲུན་པའི་འདོད་འབྱུང་ནོར་བུའི་མཛོད། །
འདྲེན་པའི་ཤིང་རྟ་ཆེན་པོ་དཔྱིད་ཀྱི་དཔལ། །
ངོ་མཚར་བླ་ན་འཕགས་དེ་སྲིད་ན་རྒྱལ། །
བགྲང་བྱའི་རྣམ་འཕྲུལ་རྩལ་ལས་དུས་བཞིའི་གར། །
འདྲེན་བྱེད་འཁྲུལ་བའི་ཚན་གྲངས་མང་མཆིས་ཀྱང་། །
ཉམས་འགྱུར་སྟོང་གིས་ཕྱུག་པའི་དྲི་ཞིམ་ཟླའི། །
མཚར་སྡུག་དཔལ་གྱི་ཉམས་ལ་འགྲན་ཟླས་དབེན། །
མདངས་མཛེས་བཀྲ་བའི་མེ་ཏོག་རྣམ་པར་བཞད། །
རབ་སྙན་དབྱངས་བདུན་རྫ་རྔས་ཁོར་ཡུག་ཁྱབ། །
བསུང་ངད་དྲི་ཡིས་ས་གཞི་བྱིན་གྱིས་བརླབས། །
སྣ་བདུན་རྒྱན་ལ་མངའ་བའི་དགེ་མཚན་འབར། །
རྫོགས་ལྡན་ནམ་ཟླའི་འཕྲུལ་གྱི་འཁོར་ལོ་ཆེས། །
གྲང་རེག་གཤེད་མའི་འཚེ་བ་ཕར་ལ་དྲངས། །
རབ་ཡངས་བརྗིད་དུ་ཆགས་པའི་ས་འཛིན་ལྟོར། །
ཉམས་བཟང་ཡིད་དགའི་དཔལ་ཡོན་ཚུར་ལ་བསུས། །
དགོས་འདོད་ནོར་བུའི་མཚན་བཟང་རྟ་བདུན་དབང་། །
ནམ་ཟླ་བཟང་པོའི་འཕྲིན་ལས་འོད་སྣང་གིས། །
སྣོད་བཅུད་ཁྱོན་ལ་དགའ་དང་བདེ་བའི་བཅུད། །
འཛད་མེད་སྦྱིན་པའི་མཐུ་ནུས་རབ་ཏུ་རྫོགས། །
རབ་མཛེས་མེ་ཏོག་མདངས་ཅན་ས་སྤྱོད་མ། །
སྣ་ཚོགས་རྐང་འཐུང་གྲོགས་ཀྱི་རེག་མ་ཉིད། །
ཡིད་སེམས་སྤྲོ་དགའི་རྨད་བྱུང་འཛུམ་མདངས་ལས། །
ཚེམས་ཕྲེང་གཡུ་ཡི་ཕྲེང་བ་མངོན་པར་བྱས། །
དྲི་ཡི་བཞོན་པར་འགྱིངས་པའི་མདུན་ན་འདོན། །
འཇིག་རྟེན་ཞི་བདེར་འགོད་པའི་མཁས་མཛངས་ཀྱིས། །
འཛིན་མའི་བཅུད་རྒྱས་མར་གད་མདོག་འཛིན་ཅིང་། །
དྭངས་གཙང་བཞུར་ཆུས་སྙན་པ་དབྱངས་སུ་ལེན། །
ཐེག་ཆེན་དྲོད་འབེབས་གླང་ཆེན་རྩལ་གྱིས་དཔའ། །
མྱ་ངམ་ཁ་བའི་འདམ་ལ་མི་བྱིངས་ཤིང་། །
ནོར་འཛིན་འདི་ཡི་མཛེས་སྡུག་སྙིང་པོའི་ཕུལ། །
གཅིག་ཏུ་འཁུར་བར་བཟོད་དེ་ངོ་མཚར་གནས། །
མཐོ་རིས་ཚལ་དུ་འདྲེན་མཁས་རླུང་ལས་རྒྱལ། །
ཚ་གྲང་མཐའ་རུ་མ་ལྷུང་ངོ་མཚར་བགྲོས། །
གསོན་ཉམས་འབུམ་གྱིས་རྒྱན་པའི་རྨིག་བཞིའི་སྒྲས། །
རྫོགས་ལྡན་གསར་པའི་མགྲོན་དུ་ཡང་དག་དྲངས། །
རྒུད་ཚོགས་ཟིལ་གྱི་གཉེན་པོ་དམག་གི་དཔོན། །
གང་གི་དཔའ་བའི་གད་རྒྱངས་གྲགས་པས་ཙམ། །
ནོར་འཛིན་བྲན་དུ་བཀོལ་བའི་དུས་མཐའི་དཔུང་། །
དོན་སྙིང་ལྐོག་མར་བྱིན་ཏེ་བས་མཐར་བྲོས། །
ཞིང་ཁམས་ཚར་དུ་དངར་བའི་དབྱར་དུས་དང་། །
ལོ་ལེགས་རབ་ཏུ་འཕྱུར་བའི་འབྲས་ལྡན་དུས། །
རིས་མེད་འགྲོ་བའི་བདེ་སྐྱིད་ལོངས་སྤྱོད་སོགས། །
ཆུ་འགོ་གངས་དང་མཉམ་པའི་དཔྱིད་དཔལ་རྨད། །
དཔྱིད་རླུང་དྲོན་མོས་སྐྱེ་རྒུའི་ལུས་སེམས་དྲོད། །
དཔྱིད་ཀྱི་ཕོ་ཉའི་གསུང་སྐད་རྣ་བར་འཇེབས། །
དཔྱིད་དཔལ་སྒེག་མོས་འགྲོ་བའི་ཡིད་གདུང་སེལ། །
དཔྱིད་ཀྱི་ལང་ཚོའི་དཔལ་ཡོན་བརྗོད་མི་ཚར། །