《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月12日

འབྲི་གཡག་ཐོན་ལས་དར་རྒྱས་ཤུགས་ཆེན་བཏང་བ།

བོད་ཀྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་དང་རྒྱལ་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་གཟེངས་རྟགས་ཐོབ་མཁན་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པ། རྒྱལ་ཡོངས་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར། རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་པ། བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ཞིང་འབྲོག་ལས་ཚན་ཞིབ་ལས་དོན་པ། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར། 2023ལོའི་ལོ་འཁོར་གྱི་བོད་ཀྱི་བཟོ་བོ་སོགས་སྒམ་བརླིང་དང་ཏན་ཏིག་གི་ལས་ཀའི་རྣམ་འགྱུར་དང་ཆེད་ལས་ཤེས་བྱར་བརྟེན་ནས་མཚན་སྙན་གཅིག་རྗེས་གཉིས་མཐུད་ངང་ཐོབ་ཡོད། ཁོང་ནི་རྒྱལ་ཁབ་ཀྱི་བཤས་ཕྱུགས་དང་འབྲི་གཡག་ཐོན་ལས་ལག་རྩལ་མ་ལག་ལས་གནས་ཀྱི་ཚན་རིག་མཁས་ཅན་དང་། ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ། ཞིབ་འཇུག་པ་བཅས་ཡིན་པའི་པ་སངས་དབང་འདུས་རེད།

བོད་ལྗོངས་གཞིས་རྩེ་ས་སྐྱ་རྫོང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་པ་སངས་དབང་འདུས་ཆུང་དུས་ནས་ནོར་ལུག་དང་མཉམ་དུ་འཚར་ལོངས་བྱུང་ཞིང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་རྒྱུགས་འཕྲོད་པ་དང་། 1991ལོར་ཁོང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་འབྲོག་ལས་ཕྱུགས་རིགས་སྨན་བཅོས་ཞིབ་འཇུག་སུའོ་རུ་ལས་ཀར་ཞུགས་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ལོ་འདི་དག་ནང་པ་སངས་དབང་འདུས་ཀྱིས་ཉིན་ལྟར་ཕྱུགས་རིགས་ཀྱི་བཙོག་གཅིན་དང་ནང་ཆ་དང་འགྲོགས་ཏེ་འབུ་ཕྲ་གསལ་འབྱེད་དང་། བསྡོམས་རྩིས་དབྱེ་ཞིབ། གྲངས་གཞི་ལེགས་སྒྲིག་བཅས་བྱ་རྒྱུ་དེ་ཁོང་གི་ཉིན་རེའི་ལས་འགན་ཞིག་ཏུ་གྱུར་ཡོད། ཁོང་གིས་འབད་བརྩོན་ཆུད་ཟོས་སུ་སོང་མེད་ཅིང་། འཚོལ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད་བོད་ཀྱི་ནོར་ལུག་གི་གཞན་བརྟེན་སྲིན་འབུའི་རིགས་དང་གནོད་འཚེ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཐོག་མར་ཤེས་རྟོགས་ཐུབ་ནས་སྟོན་དཔྱིད་གཉིས་སུ་འབུ་ཕྲ་ཐེངས་རེ་སེལ་རྒྱུ་དེ་དགུན་དུས་སུ་ཐེངས་རེ་སེལ་པའི་ལག་རྩལ་གསར་པར་བསྒྱུར་རྒྱུའི་གྲོས་འགོ་བཏོན་པ་དང་ཞིབ་འཇུག་གི་གྲུབ་འབྲས་དེ་ས་མཐོའི་འབྲོག་ཁུལ་དུ་རྒྱ་ཁྱབ་ངང་སྤྱད་པ་མ་ཟད་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད།

གྲུབ་འབྲས་དེ་ལས་པ་སངས་དབང་འདུས་ཀྱིས་འབྲོག་ལས་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་ཐད་དེ་བས་ཚན་ཞིབ་འགག་སྒྲོལ་བྱ་རྒྱུར་སྐུལ་མ་ཐེབས་ཡོད།

“བོད་ནི་རང་རྒྱལ་གྱི་འབྲི་གཡག་ཐོན་ཁུལ་གཙོ་བོ་ཨང་གཉིས་པ་ཡིན་པ་དང་འབྲི་གཡག་རྒྱུད་འཛིན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཁྱད་དུ་འཕགས་པས། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། མཐའ་དར་དམངས་ཕྱུག་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད། དམིགས་བསལ་གྱི་ས་མཐོའི་གནམ་གཤིས་ལས་འབྲི་གཡག་གསོ་ཚགས་ཀྱི་དུས་ཡུན་རིང་བ་དང་། ཐོན་སྐྱེད་བྱེད་ནུས་དམའ་བ། འབྲི་གཡག་བཤས་གཏོང་ཚད་ཉུང་བ་བཅས་ཡོད་པས་ཚན་རིག་དང་མཐུན་པའི་གསོ་ཚགས་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད”ཅེས་པ་སངས་དབང་འདུས་ཀྱིས་གསར་འགོད་པར་བཤད།

འབྲི་གཡག་གསོ་ཚགས་ཀྱི་ད་ལྟའི་གནས་ཚུལ་ལེགས་སུ་གཏོང་བ་དང་འབྲི་གཡག་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱ་ཆེད། ཁོང་གིས་ལོ་ལྟར་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ལས་ལ་བྲེལ་ནས་བོད་ནུབ་བྱང་ས་ཁུལ་གྱི་ཕ་ཕྱུགས་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་བྱས་པ་བརྒྱུད་འབྲི་གཡག་ས་མཐོར་འཕྲོད་པའི་ཁྱད་ཆོས་དང་འབྲེལ་བའི་འོས་འདེམས་གཞི་རྒྱུ་གསར་པ་རབ་དང་རིམ་པ་གསལ་འབྱེད་བྱས་པ་རེད།

ལོ་མང་ཞིབ་འཇུག་བྱས་པ་བརྒྱུད། ཁོང་གིས་བེའུའི་འོ་མ་སྔ་ཙམ་མཚམས་གཅད་དེ་བཞོན་མར་དྲུས་རྩ་ལངས་སུ་འཇུག་པ་དང“དགུན་དུས་ལྷས་ར་དང་དབྱར་དུས་རྩྭ་རར་གསོ་བའི”རྩྭ་ཆག་གཉིས་གསོའི་རྒྱགས་གསོ་བྱེད་སྟངས་སྤྱད་དེ་ས་བབ་མཐོ་བའི་འབྲོག་ཁུལ་གྱི་འབྲིར་བེའུ་སྐྱེ་ཚད་དམའ་བའི་ལག་རྩལ་གྱི་འགག་གནད་བསལ་ནས་འབྲིའི་སྐྱེ་འཕེལ་དུས་འཁོར་སྔར་བས་ཐུང་དུ་དང་ཕ་ཕྱུགས་སྤྱོད་ཚད་མང་དུ་ཕྱིན་ཡོད།

པ་སངས་དབང་འདུས་དང་ཚོགས་པའི་འབད་བརྩོན་འོག་རང་ལྗོངས་ཀྱི་གཟན་ཆག་ཁོ་ནས་གསོས་པའི་འབྲི་གཡག་སྐྱེ་འཕེལ་བྱེད་ཚད་57.3%ཟིན་པ་དང་། བེའུ་གསོན་ཚད་92.5%ཟིན་པ། ལོ་རེར་བེའུ་རེ་སྐྱེ་ཚད་60%ཟིན་པ། ཟླ་བ་30ལ་སླེབས་པའི་འབྲི་25%ལ་བེའུ་སྐྱེས་ནས་འབྲིར་བེའུ་སྐྱེ་བའི་ཆ་སྙོམས་ལོ་ཚད་ལོ་4ནས་ལོ་2.5བར་ཐུང་དུ་ཕྱིན་པ། ན་མཉམ་གྱི་གཡག་གི་ཆ་སྙོམས་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་284.6ཟིན་པ་དང་60%ཡི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་300ལས་བརྒལ་ནས་འབྲི་གཡག་བཤས་གཏོང་བའི་ལོ་ཚད་ལོ་2ནས་3བར་ཐུང་དུ་ཕྱིན་ཡོད།

པ་སངས་དབང་འདུས་ཀྱི་གཏམ་རྒྱུད་དེ་ཁོ་ན་ཙམ་མིན་པར་ད་དུང་ཧ་ཅང་མང་པོ་ཡོད་ཅིང་། ལོ་30ལྷག་ཙམ་རིང་། པ་སངས་དབང་འདུས་ཀྱིས་འབྲོག་ལས་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་དང་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཐོག་མཐའ་བར་གསུམ་དུ་ཕྲག་ཏུ་འཁུར་ནས། རྟག་ཏུ་ས་བབ་མཐོ་ཚད་སྨི་4500ཡན་གྱི་འབྲོག་ཁུལ་དུ་བསྐྱོད་དེ་འབྲོག་ལས་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་གྱི་དཀའ་གནད་མང་པོ་བསལ་བ་མ་ཟད། ད་དུང་ཚན་རྩལ་གྱི་གྲུབ་འབྲས་ས་མཐོའི་འབྲོག་ལས་ཁྲོད་ཁྱབ་སྤེལ་བཏང་སྟེ་ནག་ཆུ་གྲོང་ཁྱེར་དང་། མངའ་རིས་ས་ཁུལ། ལྷ་ས་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་སོགས་ས་ཁུལ་གྱི་སྤྱི་ལེ་ངོས་གྲུ་ཁྲི་59ཡི་ཞིང་འབྲོག་པ་ཚན་རྩལ་གསོ་ཚགས་ལ་བརྟེན་ནས་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། པ་སངས་དབང་འདུས་དང་ཁོང་གི་ཚོགས་པའི་ཁོངས་མི་ཚོས་ས་བབ་མཐོ་བའི་འབྲོག་ཁུལ་གྱི་འབྲི་གཡག་ཐོན་ལས་ཀྱི་དགོས་མཁོར་དམིགས་ནས“ཁུལ་གསུམ་ཀྲོའུ་གསུམ”གྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་རྫོང་གཙོ་གནད་དུ་བྱས་ཏེ་ལྗོངས་ཡོངས་ཀྱི་རྫོང(ཆུས)35རུ་འབྲི་གཡག་གསོ་ཚགས་ར་བ་ཇུས་འགོད་དང་། འབྲི་གཡག་ཁྱུ་ཚོགས་ཀྱི་གྲུབ་ཆ་ལེགས་སྒྲིག འབྲི་གཡག་འདེམས་གསོ། འབྲི་གཡག་དུས་ཐོག་ཏུ་བཤས་གཏོང་བ། འཚང་གཡོལ་དུས་གཡོལ་གྱིས་རྒྱགས་གསོ། “ལོ་རེར་བེའུ་རེ”སྐྱེ་བ། གཟན་རྩྭ་དང་གཟན་ཆག་སྦྱངས་སྣོན། གསོ་ཚགས་ཀྱི་སྒྲིག་ཆས་བཀོལ་སྤྱོད་སོགས་ཀྱི་ལག་རྩལ་མཛུབ་ཁྲིད་བྱས་པ་རེད། མིག་སྔའི་བར། རིམ་རྩིས་བྱས་ན་ས་གནས་ས་ཐོག་གི་ཚོགས་འདུ་ཐེངས་5འཚོགས་པ་དང་། ཚན་རྩལ་གྱི་གསོ་སྦྱོང་སྣ་ཚོགས་ཐེངས་72བྱས་པ། གཞི་རིམ་གྱི་ཆེད་ལས་ལག་རྩལ་མི་སྣ་དང་ཞིང་འབྲོག་པ་སོགས་མི་ཐེངས་2300ལྷག་ཙམ་གསོ་སྦྱོང་བྱས་པ། སྤྱོད་གོ་ཆོད་པའི་ལག་དེབ་སྣ་ཚོགས་ཁྲི་1ལྷག་ཙམ་སྤྲད་ཡོད།

“ངས་ཐོག་མའི་བསམ་འདུན་དང་འགན་འཁྲི་མུ་མཐུད་བརྟན་སྲུང་བྱས་ནས་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བོད་ཀྱི་ཁྱད་ཆོས་ལྡན་པའི་འབྲི་གཡག་གི་ཐོན་ལས་ལ་དམིགས་ནས་ཚན་ཞིབ་འགག་སྒྲོལ་ལ་བརྟེན་ནས་འབྲི་གཡག་གི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབུལ་འོས་པའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་པ་སངས་དབང་འདུས་ཀྱིས་བཤད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)