《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月11日

ཞི་ཅིན་ཕིང་པུ་ཏ་ཕེ་སིར་ཕེབས་འབྱོར་ཟིན་ནས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པུ་ཏ་ཕེ་སིར་ཕེབས་འབྱོར་ཟིན་པ་དང་ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁེ་དང་ཙུང་ལི་ཨོར་པན་གྱི་གདན་ཞུས་ལྟར་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བ་རེད།

ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཧང་ག་རིའི་མངའ་ཁོངས་ཀྱི་བར་སྣང་དུ་འབྱོར་རྗེས། ཧང་ག་རིའི་མཁའ་དམག་གི་དམག་འཐབ་གནམ་གྲུ་གཉིས་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་ཞུས་ཡོད།

ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་པུ་ཏ་ཕེ་སིར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས་ཧང་ག་རིའི་ཙུང་ལི་ཨོར་པན་སྟངས་དཔྱལ་དང་ཕྱི་འབྲེལ་པུའུ་ཀྲང་ཤིས་ཡར་ཏུའོ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་སྟངས་དཔྱལ་ཕན་ཚུན་བྱམས་བརྩེའི་ངང་ཕྱག་གཏོང་རེས་གནང་ནས་འཚམས་འདྲི་ཞུས་ཤིང་། ཙུང་ལི་ཨོར་པན་གྱིས་དགེ་རྒན་ཆེ་མོ་བ་ཕེང་ལི་ཡོན་ལ་མེ་ཏོག་ཕུལ་བ་དང་། གུས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་གྲལ་བསྒྲིགས་ནས་གུས་འདུད་ཞུས་པ་རེད། མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་ཧང་ག་རིའི་བྱིས་པ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་ལ་མེན་པའོ་དང་ཚྭ་ཕུལ་ནས་སྲོལ་རྒྱུན་གུས་ལུགས་ཀྱི་རྣམ་པའི་ཐོག་ནས་སྐུ་མགྲོན་གལ་ཆེན་ལ་བསུ་བ་ཞུས་པ་རེད། ཧང་ཀྲུང་སྐད་གཉིས་སློབ་གྲྭའི་སློབ་མས་ཞི་ཅིན་ཕིང་སྟངས་དཔྱལ་ལ་མེ་ཏོག་ཕུལ་བ་དང་འབྲེལ་རྒྱ་སྐད་ཀྱི་ཐོག་ནས“སྐུ་ཉིད་ཧང་ག་རིར་ཕེབས་པར་དགའ་བསུ་ཞུ”ཞེས་བཤད། ལོ་ཆུང་བྱིས་པ་ཚོས་མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་ཁྲར་ཏ་ཧྲི་འཁྲབ་ནས་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཡིག་ཐོག་གི་གསུང་བཤད་གནང་ཞིང་། ཁོང་གིས་ཙུང་ཐུང་ཧྲུའུ་ཡིའུ་ཁེ་དང་ཙུང་ལི་ཨོར་པན་གྱིས་སྤྲོ་སེམས་ཆེན་པོས་གདན་ཞུ་བྱས་པ་ལྟར་མཛེས་སྡུག་ལྡན་པའི་ཧང་ག་རིར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་ཧང་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་པོའི་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་ཕྱིན་པ་དང་། ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། མི་ཆོས་རིག་གནས་སྤེལ་རེས་སྣ་མང་ཕུན་སུམ་ཚོགས་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཉམ་ལས་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ཡོད་པས་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་དཔེ་མཚོན་ཞིག་བཏོད་ཡོད། འདི་ལོ་ནི་ཀྲུང་ཧང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་གོ་སྐབས་གལ་ཆེན་བསུས་ཡོད། ངས་ཙུང་ཐུང་ཧྲུའུ་ཡིའུ་ཁེ་དང་ཙུང་ལི་ཨོར་པན་སོགས་ཧང་ག་རིའི་འགོ་ཁྲིད་པ་དང་ཞལ་འཛོམས་བྱས་ཏེ། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) རྒྱལ་ཁབ་གཉིས་པོའི་མཉམ་ལས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་ཐུན་མོང་ཐོག་བཀོད་ནས་ཀྲུང་ཧང་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་ཧང་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བར་མཐོང་རྒྱ་ཆེ་བ་དང་མིག་རྒྱང་རིང་པོས་ལྟ་སྟངས་འཛིན་པ་དང་དེ་ཁོང་དུ་ཆུད་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ལག་གདང་སྦྲེལ་ནས་བསྐྲུན་ཏེ་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་ཡིད་ཆེས་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ད་ཐེངས་ཀྱི་འཚམས་འདྲིར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཀྲུང་ཧང་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་ངར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)