《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月11日

བོད་ཀྱི་བྱིས་པའི་རིག་རྩེད་ཁག་གཉིས།

ཤེས་རིག་དར་བའི་འཛམ་གླིང་ཡང་རྩེའི་སྟེང་དུ་རིག་རྩེད་ཕུན་སུམ་ཚོགས་པོ་དར་ཡོད་པས། ཐ་ན་བྱིས་པའི་རིག་རྩེད་རྣམ་གྲངས་ཀྱང་ཧ་ཅང་མང་པོ་ཡོད།

ཨ་ལྕུག བྱིས་པའི་རིག་རྩེད་ཁྲོད་ནས་ཨ་ལྕུག་ནི་ཅུང་ཡོངས་གྲགས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་དེ་ཡིན་ཞིང་། ཨ་ལྕུག་ལ་ལུང་པ་ལ་ལས་ཐེ་གེ་ཡང་ཟེར་ཞིང་། དེ་ནི་ར་ལུག་གི་རྗེ་ངར་དང་རྐང་མགོ་འབྲེལ་བའི་མཚམས་ཚིགས་ཀྱི་རུས་རྡོག་གྲུ་བཞི་ཆུང་ཆུང་དེ་ཡིན་ལ་དེ་ནི་བྱིས་པའི་རྩེད་ཆས་ལེགས་པོ་ཞིག་ཡིན། ཨ་ལྕུག་གི་མདུན་ཕྱོགས་སྟོང་པ་དེ་ནི་ར་ཡིན་པ་དང་རྒྱབ་ཕྱོགས་རྒྱགས་པ་དེ་ནི་ལུག ཡར་བསླངས་ན་མིའི་རྣ་བའི་དབྱིབས་འདྲ་བ་དེ་ནི་རྟ་ཡིན་པ་དང་ལྷམ་མཐིལ་འདྲ་བ་དེ་ནི་བོང་བུ་ཡིན་ལ་ས་ཆ་ལ་ལར་གླང་ཡང་ཟེར་གྱི་འདུག ད་དུང་ཨ་ལྕུག་ཟུར་གྱི་ཉག་ཤོ་ཆེ་བ་དེར་ཁྱུང་ངམ་མི་ཟེར་བ་དང་ཉག་ཤོ་ཆུང་བ་དེར་ཁྱི་ཟེར། ས་ཆ་ལ་ལར་སེང་གེ་དང་ཁྱིའམ་ཡང་ན་ལུག་འཛུམ་དང་ར་འཛུམ་ཡང་ཟེར། རིག་རྩེད་དེ་ནི་ད་ཆ་ནུབ་ལ་ཕྱོགས་པའི་རྩེད་མོའི་བྱེ་བྲག་ཅིག་ཡིན་སྟབས་དབུས་གཙང་ཁུལ་གྱི་ལོ་བཅུ་གྲངས་ལ་སླེབས་པའི་བྱིས་པས་ཨ་ལྕུག་ལ་ལག་པ་འཆང་རྒྱུ་བཞག་ནས་ཧ་ལམ་ངོ་ཡང་ཤེས་ཀྱི་མེད། འོན་ཀྱང་ལོ་ན་སུམ་ཅུ་བཞི་བཅུར་སླེབས་པའི་དར་གཞོན་རྣམས་ལ་ཟུར་ཙམ་བཤད་རྒྱུ་འདུག་པས་འདི་གར་ཅུང་ཟད་རི་མོའི་ལམ་དུ་བཀོད་པ་ཡིན།

ཨ་ལྕུག་རྒྱག་སྐབས་དང་ཐོག་དཀྱིལ་འཁོར་ཞེས་སྒོར་ཐིག་གཅིག་བྲིས་ནས་དེའི་ནང་མི་རེས་རྒྱན་ནམ་འབེན་དུ་འཛུགས་ལྕུག་རེ་བསླངས་ནས་འཇོག་དགོས་པ་དང་ཡང་མི་རེ་རེས་ཨ་ལྕུག་རེ་བཏོན་ནས་ཀ་སྤྲད་པ་ཅེས་མི་གཅིག་གིས་མཉམ་དུ་གནམ་ལ་གཏད་དེ་འཕངས་ནས་སུ་སྔོན་ལ་རྒྱག་མིན་ནི་རྟ་དང་། བོང་བུ། ལུག ར་བཅས་ཀྱི་གོ་རིམ་ལྟར་རྒྱག་དགོས། འོན་ཀྱང་གཞན་རྣམས་ཀ་སྤྲད་པའི་རིམ་པ་ལྟར་སྔོན་ལ་འཕེན་ཚར་རྗེས་རྟ་དང་བོང་བུ་སོགས་ཆ་དོན་ན་ཡང་བསྐྱར་ཀ་སྤྲད་དགོས་པ་དང་དེ་མིན་འཛུགས་ལྕུག་རྣམས་རྫོགས་ན་ཡང་ཀ་སྤྲད་སྐྱོར་རྒྱག་དགོས། དེ་ནས་རང་རང་གི་ལག་ཏུ་ཡོད་པའི་ཨ་ལྕུག་གིས་རྒྱག་མདའ་བྱས་ནས་འབེན་ནམ་འཛུགས་ལྕུག་ལ་རིམ་བཞིན་གཞུས་ནས་དཀྱིལ་འཁོར་གྱི་ཕྱིར་འདོན་ཐུབ་ན་འཛུགས་ལྕུག་དེ་སུའི་ཡིན་རུང་རང་ཉིད་ལ་བདག་པ་དང་། ལྷག་དོན་འཛུགས་ལྕུག་གཉིས་དཀྱིལ་འཁོར་གྱི་ཕྱིར་འདོན་ཐུབ་རུང་གཉིས་ཀ་འཁུར་ཆོག་ལ་གལ་སྲིད་འཛུགས་ལྕུག་ལ་ཐེབས་རུང་དཀྱིལ་འཁོར་གྱི་ཕྱིར་འདོན་མ་ཐུབ་ན་སྟོང་ལོག་ཡིན་པས་ཨ་ལྕུག་ཐོབ་ཀྱི་མེད། རྒྱག་མདའ་དེ་འབེན་ལ་ཕོག་ཀྱང་རུང་མ་ཕོག་ཀྱང་རུང་དཀྱིལ་འཁོར་གྱི་ཕྱིར་ཐོན་སྐབས་རྟ་ལངས་ན་རྟ་ལངས་སའི་གནས་དེ་ནས་རྒྱབ་ངོས་ཏེ་གཞང་འོག་ནས་འབེན་ལ་ཐེངས་གཅིག་གཞུ་ཆོག་པ་དང་བོང་བུ་ལངས་ན་གནས་དེ་ནས་ཐད་ཀར་འབེན་ལ་ཐེངས་གཅིག་གཞུས་ཆོག དེ་མིན་འཛུགས་ལྕུག་ལ་རིམ་པ་མཐོ་དམའ་ཡོད་པས་ལུག་གི་ཨ་ལྕུག་རྩེ་གྲར་ཤ་ཆེན་ཞེས་འབེན་ལ་བསྟུད་མར་ཐེངས་བཞི་བཙུགས་ཆོག་པ་དང་། ར་ལྕུག་ཡིན་ན་ཐེངས་གཉིས་བཙུཌ་ཆོག གཞན་ཡང་བཙོས་ལྕུག་ལ་དབྲོལ་པལ་ཞེས་ཤ་བཙོས་ཟིན་པའི་ཨ་ལྕུག་ནི་སོབ་ལ་ཡང་བས་ཐེངས་གཅིག་ལས་འཛུགས་ཆོག་གི་མེད་པ་རེད། ཡུལ་ལུང་ལ་ལར་དང་པོ་དཔལ་རྩོད་པ་དང་། གཉིས་པ་རྒྱལ་ཕམ་དངོས། གསུམ་པ་རྟ་བཟའ་གླང་འཇལ་སོགས་རྩེད་ཐབས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པར་གྲགས། རིག་རྩེད་དེ་ནི་གདོད་མའི་དུས་ནས་དར་ཁྱབ་བྱུང་ཡོད་པ་གང་ཞིག སོག་རིགས་སོགས་གྲངས་ཉུང་མི་རིགས་གཞན་གྱི་ཁྲོད་དུ་ཡང་དར་ཡོད་པས་ཆུ་འགོ་གངས་ལ་ཐུག་པའི་གནས་ལུགས་དང་མཐུན་པར་རིག་རྩེད་དེའི་འབྱུང་ཁུངས་བོད་ལྗོངས་ས་མཐོར་མྱུར་སྐྱོབ་བྱ་རྒྱུའི་འགན་ཁྲི་དོར་ཐབས་མེད་པ་ཞིག་ཡོད་དོ།

ཐེ་ཕེད། བྱིས་པའི་རིག་རྩེད་སྐོར་ནས་བརྗོད་ན་ཐེ་ཕེད་ཅེས་བྱ་དེ་དེ་ཕོའི་མཇུག་སྒྲོ་དང་རྒོད་ཐུལ་གང་རུང་གྲངས་ངེས་ཅན་ཞིག་མཉམ་དུ་སྐུད་པས་བསྡམས་ནས་རྩ་བ་མཉམ་དུ་བརྟན་པོར་གནས་ཆེད་མེར་བསྲེག་ཧྲོབ་ཙམ་བཏང་རྗེས་རས་སམ་སྣམ་བུ་ལག་མཐིལ་ཙམ་ཞིག་གི་ནང་ས་ཏོག་ཙམ་བླུགས་ནས་འཐུམ་ཐེར་བརྒྱབ་སྟེ་རྩེད་ཆས་བྱེད་ཀྱི་ཡོད། རྩེད་མོ་དེ་རྩེད་ཐབས་རོབ་ཙམ་བཤད་ན་ཐེ་ཕེད་གནམ་ལ་འཕངས་ནས་མར་ཟག་ཡོང་སྐབས་རྐང་པའི་སྦོ་ཡིས་སླར་ཡང་གནམ་ལ་འཕེན་ནས་ས་ལ་མ་ཟག་བར་གྱི་འཕེན་གྲངས་མང་ཉུང་བརྩི་རྒྱུ་དེ་ཡིན་ལ། ཐེ་ཕེད་རྒྱག་སྐབས་སྤྱིར་ན་རྐང་པ་གཡས་པས་རྒྱག་གི་ཡོད་རུང་བྱང་མ་ལ་ལས་རྐང་པ་གཡས་གཡོན་རེས་མོས་ཀྱིས་རྒྱག་པ་དང་ཡང་ལ་ལས་རྒྱབ་མདུན་རེས་མོས་ཀྱིས་གཞུས་ནས་རྒྱག་རྩལ་ངོམ་གྱི་ཡོད། ཐེ་ཕེད་ལའང་དང་དོད་ཧ་ཅང་ཆེ་བས་འགའ་རེས་བྱ་སྒྲོར་ཚོས་བྱུག་ནས་རྣམ་པར་བཀྲ་བ་ཞིག་བཟོ་གི་ཡོད་ཅིང་། རྩེད་མོ་དེ་རྩེད་མཁན་སྤྱིར་ན་བུ་མོ་ཡིན།

(ཆུང་བདག་གིས)