ངལ་རྩོལ་བཅའ་ཁྲིམས་ཀྱི་གཏན་འབེབས་གསལ་པོ་མི་ཤེས་པ་དང་། འདུམ་གཅོད་རེ་འདུན་ཡི་གེ་འབྲི་མི་ཤེས་པ། གླ་ཆ་འགྱངས་ཆད་བྱས་ན་ཚན་པ་གང་ཞིག་ལ་ཞུ་དགོས་མིན་མི་ཤེས་པ་སོགས་ཀྱི་གནད་དོན་ནི་ཕ་ཡུལ་དང་ཁ་བྲལ་ནས་བོད་དུ་ལས་ཀར་ཡོང་མཁན་ལས་བཟོ་ཁ་ཤས་ལ་འཕྲད་པའི་དཀའ་གནད་ཅིག་རེད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཟོ་ཚོགས་ཀྱི་བཅའ་ཁྲིམས་དངོས་ཚན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་2021ལོར་ལས་བཟོར་རིན་མེད་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་དངོས་སུ་སྤེལ་བ་དང་འབྲེལ། “བཟོ་ཚོགས་རིམ་གཉིས་མཉམ་འགུལ”དང“ཞིང་ཆེན་སྒྲོལ་བའི་མཉམ་འགུལ”སོགས་ཀྱི་ལམ་སྲོལ་སྤྱད་དེ་བོད་དུ་ལས་ཀ་བྱེད་མཁན་ངལ་རྩོལ་བར་སྟབས་བདེ་ལ་མྱུར་བའི་བཅའ་ཁྲིམས་ཞབས་འདེགས་འགན་ལེན་བྱས་པ་རེད།
“སྤྱི་ཁྱབ་བཟོ་ཚོགས་ཀྱིས་ངའི་དཀའ་ངལ་ཤེས་རྗེས། ངང་རྒྱུད་རིང་པོས་ངའི་དཀའ་ངལ་སེལ་བས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། གཞན་ཡུལ་འགྲིམ་དགོས་བྱུང་ཡང་ང་ལ་དྲོ་སྐྱིད་ཀྱི་ཚོར་སྣང་བྱུང”ཞེས་ཁྲེན་ལེས་བཤད།
2023ལོའི་ལོ་མཇུག་ཏུ། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཅའ་ཁྲིམས་དམངས་དོན་དོ་དམ་དང་ཁེ་དབང་འགན་སྲུང་པུའུ་ཡི་ཁ་པར་གྱི་ཏིར་སྒྲ་གྲགས། ཁ་པར་རྒྱག་མཁན་ཁྲེན་ལེ་ཡིས་དངངས་ཚབས་ཆེན་པོས་རང་ཉིད་ལ་འཕྲད་པའི་དཀའ་ངལ་ཞུས། ཁྲེན་ལེ་ཡི་ཨ་ཁུ་ལས་ཡུལ་ག་གེ་མོ་ཞིག་ཏུ་ལས་ཀ་བྱེད་སྐབས་རྨས་སྐྱོན་ཕོག་སྟེ་མི་སྤྱོད་ཚན་པར་སྐྱིན་ཚབ་དངུལ་དང་ཕྱིས་ཀྱི་ཁ་གསབ་དངུལ་སྤྲོད་པའི་ཐད་སྐད་ཆ་ཐེངས་མང་བྱས་ཀྱང་ཁ་ཡ་མ་བྱས་པར་བརྟེན། ཁྲེན་ལེ་ཡིས་ཚོད་ལྟ་ཞིག་བྱེད་དགོས་སྙམ་བཞིན་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ལ་ཁ་པར་བརྒྱབ་པ་རེད།
ཁྲེན་ལེའི་མིག་སྔའི་དཀའ་ངལ་དང་མཐའ་མའི་རེ་བ་གསལ་པོ་ཤེས་རྗེས། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཉིང་ཁྲི་སྤྱི་ཁྱབ་བཟོ་ཚོགས་དང“རིམ་གཉིས་མཉམ་འགུལ”གྱི་བྱེད་ཐབས་ནས་ཁྲེན་ལེར་རོགས་པ་བྱས་ཏེ་ཉིང་ཁྲིའི་ཁྲིམས་རྩོད་པ་དང་འབྲེལ་བ་བྱས་པ་རེད། ཉིང་ཁྲིའི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཐུན་སྦྱོར་བྱས་པ་བརྒྱུད། ཁྲེན་ལེའི་ཨ་ཁུ་དང་མི་སྤྱོད་ཚན་པའི་དབར་སྐྱིན་ཚབ་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་ནས་ད་ཆ་ཁ་གསབ་དངུལ་ཁག་གཅིག་རག་པ་མ་ཟད། བདེ་ཐང་སླར་གསོའི་ལྟེ་གནས་སུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཅའ་ཁྲིམས་དམངས་དོན་དོ་དམ་དང་ཁེ་དབང་འགན་ལེན་པུའི་པུའུ་ཀྲང་ཝང་རུང་གིས། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ད་ཆ་ལྗོངས་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་དོན་ཁང་14དང་མཉམ་ལས་བྱས་ཏེ་སྤྱི་ཕན་ཁྲིམས་རྩོད་པའི་ཞབས་ཞུའི་ས་ཚིགས་14དངོས་སུ་སྒོ་བྱང་བཀལ་བ་དེ་དག་ས་ཁུལ(གྲོང་ཁྱེར)7དང་རྫོང(ཆུས)74ལ་ཁྱབ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། མིག་སྔར་རིམ་རྩིས་བྱས་ན། ལས་བཟོ་230ལྷག་ཙམ་ལ་རིན་མི་དགོས་པར་བཅའ་ཁྲིམས་རོགས་སྐྱོར་བྱས་ཡོད། “མིག་སྔར་ལྗོངས་ཡོངས་སུ་གཞི་རིམ་བཟོ་ཚོགས་རྩ་འཛུགས་9047དང་བཟོ་ཚོགས་ཀྱི་ཚོགས་མི་ཁྲི་65.25ཡོད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རོགས་སྐྱོར་དང་ཞབས་འདེགས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ལས་བཟོར་བཅའ་ཁྲིམས་རོགས་སྐྱོར་བྱས་པ་མ་ཟད། རིམ་ཁག་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ད་དུང་ཁེ་ལས་དང་ལས་ཡུལ་དུ་བསྐྱོད་དེ་ཁྲིམས་རྩོད་པ་སྒྲིག་འཛུགས་བྱས་ནས་རིན་མེད་ངང་ལས་བཟོར་བཅའ་ཁྲིམས་བློ་འདྲི་དང་སྒྲོག་འགྲེལ་བྱས་ཏེ་ལས་བཟོའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་མི་ཕོག་པ་བྱས་ཡོད། མིག་སྔའི་བར། ང་ཚོའི་ཁྲིམས་སྐྱོང་དྲིལ་བསྒྲགས་ཁྲོད་མི་ཁྲི་10ཙམ་ལ་ཕན་པ་ཐོབ་ཡོད”ཅེས་ཝང་རུང་གིས་བཤད།
རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོས་བཅའ་ཁྲིམས་རོགས་སྐྱོར་རེ་འདུན་ཞུ་སྐབས། ལས་བཟོར་འཕྲད་པའི་དཀའ་ངལ་དང་ཁྱིམ་ཚང་གི་རྒྱབ་ལྗོངས་ལ་བརྟག་དཔྱད་བྱེད་པ་དང་། ཁྲིམས་རྩོད་པར་རེ་བ་ཞུ་བ་དང་ཆབས་ཅིག་དཀའ་ངལ་ཡོད་པའི་མང་ཚོགས་ལ་དངོས་ཟོག་དང་མ་དངུལ་སྤྲད་པ་མ་ཟད། ཞིང་པ་ལས་མིར་སྔོན་ལ་རོགས་རམ་བྱེད་པ་དང་། ལས་ཀར་ཞུགས་མ་ཐག་པའི་ངལ་རྩོལ་པ་དང་། དཀའ་ངལ་ཡོད་པའི་ལས་བཟོ། ཕྲན་ཚེགས་ཁེ་ལས་ཆུང་གྲས། མཐའ་མཚམས་ལས་བཟོ་བཅས་ལ་ནུས་ཤུགས་ཡོད་རྒུས་རོགས་རམ་དང་། ཞབས་འདེགས། བཅའ་ཁྲིམས་ལྟ་སྐུལ་བཅས་ཕྱོགས་གསུམ་གཞི་གཅིག་ཐུབ་པ་བྱས་ཡོད།
“ང་ཚོས་ལྗོངས་ཡོངས་སུ་བཟོ་ཚོགས་ཀྱི་ས་ཚིགས་377བཙུགས་ཡོད། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་སྤྱི་ཁྱབ་བཟོ་ཚོགས་ཀྱི‘ཁེ་དབང་སྲུང་སྐྱོང་ཞབས་ཞུའི’བྱང་བུ་ཁྲེང་ཀོན་ཆུས་ཀྱི་བཟོ་ཚོགས་ས་ཚིགས་ཚང་མར་བཀལ་ནས་ལས་བཟོའི་དཀའ་ངལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་རྒྱུ་ཡིན” ཝང་རུང་གིས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ“ཕན་བདེ་རྣམ་པའི་བཟོ་ཚོགས” “ཞབས་འདེགས་རྣམ་པའི་བཟོ་ཚོགས”སུ་བསྒྱུར་ནས་བཟོ་ཚོགས་ཁྲིམས་ལུགས་ཅན་དང་། སྤུས་རྟགས་ཅན། གྲངས་འཛིན་ཅན་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་བཟོའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུ་ཡིན། མིག་སྔར། བཟོ་ཚོགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཁྲོད་ངལ་རྩོལ་གན་རྒྱ་དང་། རྒན་གསོའི་འགན་བཅོལ་གྱི་ལས་རྨས་གཏན་འཁེལ། གླ་ཆ་བདའ་འདེད་བཅས་ཀྱི་སྐོར་བློ་འདྲི་བྱེད་མཁན་མང་པོ་ཡོད་པ་རེད།
ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་བརྩེ་སེམས་ཟབ་མོས་ལས་བཟོར་ཞབས་འདེགས་ཡག་པོ་ཞུ་ཆེད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས“ཡི་གེ་གཅིག་དང་དེབ་གཉིས”ཀྱི་ལམ་ལུགས་ལ་བརྟེན་ནས་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལ་སྐུལ་འདེད་ཧུར་ཐག་བཏང་བ་མ་ཟད། ངལ་རྩོལ་བཅའ་ཁྲིམས་ལས་མིར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་དང་། ཁེ་ལས་ལ་བཅའ་ཁྲིམས་ཀྱི་སྐྱོན་ཆ་ཞིབ་བཤེར་དང་ཁྲིམས་འགལ་གྱི་ཉེན་ཁར་དཔྱད་དཔོག་བྱེད་པ། སྔོན་འགོག་གི་བསམ་འཆར་འདོན་པ་དང་ལས་བཟོའི་བཅའ་ཁྲིམས་ཀྱི་དཀའ་གནད་ཐག་གཅོད་བཅས་བྱས་ཏེ་མི་སྤྱོད་ཚན་པ་དང་ངལ་རྩོལ་པའི་དབར་གྱི་ངལ་རྩོལ་འབྲེལ་བ་ཞི་མཐུན་ཡོང་བར་བྱེད་པའི་འདུམ་འགྲིག་པར་འགྱུར་བ་བྱས་ཡོད།
(པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)