འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། “བོད་ལྗོངས་བར་རྩེ་ཆུ་བེད་ལྟེ་བ་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭས་གཙང་ཆུ་བདེ་བླག་ངང་བཀག་ཡོད”ཟླ་5ཚེས་9ཉིན། བཀའ་ཕབ་པ་དང་བསྟུན་ནས་མཇུག་མཐའི་རྡོ་རྒྱུ་རླངས་འཁོར་གང་དེ་ཆུ་ལམ་གཙོ་བོར་བླུགས་ནས་ཆུ་རྒྱུན་གཙོ་བོ་བཀག་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་བེད་གཙོ་གནད་ལས་གྲྭ་ཁག་150ཡི་གྲས་ཤིག་དང་མིག་སྔར་རྒྱལ་ཡོངས་སུ་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་རྒྱལ་ཁབ་རིམ་པའི་ཆུ་བེད་གཙོ་གནད་ལས་གྲྭ་སྟེ། བོད་ལྗོངས་བར་རྩེ་ཆུ་བེད་ལྟེ་བ་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭས་གཙང་ཆུ་བདེ་བླག་ངང་བཀག་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པར”བོད་དུ་ལས་འགོ་ཚུགས་པའི་རྒྱལ་ཁབ་རིམ་པའི་ཆུ་བེད་གཙོ་གནད་ལས་གྲྭ་ཐོག་མ་སྟེ། བོད་ལྗོངས་བར་རྩེ་ཆུ་བེད་ལྟེ་བ་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་ནི་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཁོངས་སུ་གནས་ཤིང་། དེ་ནི་ལྟེ་བའི་ལས་གྲྭ་དང་། ཆུ་མཁོ་འདོན་ལས་གྲྭ ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་བཅས་ལས་གྲུབ་ཡོད། ཆུ་རགས་གཙོ་བོ་ནི་སྣུམ་སྙིགས་ཨར་འདམ་བསྲེས་མའི་གྲུབ་ཆ་ཡིན་ལ་ཆུ་རགས་ཀྱི་མཐོ་ཚད་ལ་སྨི་108ཡོད། ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭར་ཁྱོན་མ་ཡུར་6བཀོད་སྒྲིག་བྱས་ཡོད་པ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་83.72ཡོད། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3.75དང་ལོ་མང་རིང་ཆ་སྙོམས་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1907ཟིན་ཁར་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་4.28ཟིན་པའི་ཇུས་འགོད་བྱས་ཡོད། གློག་ཁང་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་58ཟིན་པ་དང་ལོ་མང་རིང་ཆ་སྙོམས་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.06ཟིན་གྱི་ཡོད་པ་རེད།
གཞིས་རྩེ་ཇོ་མོ་གླང་མ་གྲོང་ཁྱེར་མ་འཇོག་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སྤེན་པ་ཚེ་རིང་གིས། རྣམ་གྲངས་ཀྱི་སྔོན་གཏན་འཁེལ་བའི་ཆུ་བོ་འགོག་པའི་དམིགས་ཚད་དུས་ཐོག་ཏུ་ལེགས་སྒྲུབ་བྱ་ཆེད། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་བྱས་ཏེ་མཐོ་གྲང་དང་གསོ་རླུང་མི་འདང་བ་དང་། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ། ཨར་ལས་དུས་ཡུན་ཐུང་བ་སོགས་དཀའ་ངལ་མང་པོ་ནུས་ཤུགས་ཡོད་རྒུས་ཁྱད་དུ་བསད་ནས་ཨར་ལས་སྒྲིག་འཛུགས་ཇུས་འགོད་ལེགས་སུ་གཏོང་བ་དང་ལས་འགན་ལས་བགོས་ཞིབ་ཚགས་བྱས་ཤིང་། ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་རྣམ་གྲངས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)