ཤིན་ཧྭ་གསར་འགྱུར་ཁང་པུ་ཏ་ཕེ་སི་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་ཙུང་ཐུང་ལས་ཤག་ཏུ་ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁེ་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཧང་ག་རི་ནི་ཀྲུང་གོ་གསར་པ་ཁས་ལེན་མཁན་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཕྱི་འབྲེལ་བཙུགས་ཚུན། ཀྲུང་ཧང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་འདྲ་མཉམ་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཡོང་བར་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་སྣ་ཚོགས་ཐེག་པ་དང་སྐམ་ས་ཆེན་མོ་སྒྲོལ་བའི་གྲོགས་པོ་དང་མཛའ་གྲོགས་མཉམ་ལས་ཀྱི་རོགས་ཟླ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་བར་རྒྱུན་མཐུད་གཏིང་ཟབ་ཀྱི་འཕེལ་རྒྱས་བྱུང་ཡོད། མིག་སྔར། ཀྲུང་ཧང་གི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་པ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་མི་སེམས་ལ་གཏིང་ཟབ་ཟུག་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ད་ལོ་ནི་ཀྲུང་ཧང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་མཐུད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་ཧང་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདས་ཟིན་པའི་ལོ་75ཡི་རིང་། ཀྲུང་ཧང་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོས་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་འབྱུང་འགྱུར་གྱི་ལམ་བུ་གསལ་སྟོན་བྱེད་དགོས། གཅིག་ནས་འདྲ་མཉམ་གྱི་ལྟ་སྟངས་མཐའ་འཁྱོངས་བྱས་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དེ་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། ཀྲུང་ཧང་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ནི་ཕྱོགས་གསུམ་པར་དམིགས་པ་ཞིག་མིན་ལ་ཕྱོགས་གསུམ་པའི་གཞན་དབང་དུ་ཚུད་པ་ཞིག་ཀྱང་མིན། གཉིས་ནས་ཕན་ཚུན་ཡིད་ཆེས་དང་རོགས་རེས་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་བྱེད་དགོས་པ་མ་ཟད། ཕན་ཚུན་གྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བརྟན་པོའང་བྱེད་དགོས། གསུམ་ནས་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་བ་དང་རང་རང་སོ་སོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། བཞི་ནས་དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས།(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དེས་འཛམ་གླིང་ལ་གོ་སྐབས་ཧ་ཅང་ཆེན་པོ་བསྐྲུན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་གྲོགས་པོ་ཧང་ག་རི་བ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་མགྱོགས་འཁོར་དུ་སྡོད་པར་དགའ་བསུ་ཞུ་རྒྱུ་དང་། ཧང་ག་རི་ཕྱོགས་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་མུ་མཐུད་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཧང་ག་རིའི“ཤར་ཕྱོགས་སུ་སྒོ་མོ་དབྱེ་བའི”འཐབ་ཇུས་སྔར་བས་འབྲེལ་མཐུད་དམ་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་རྒྱུན་མཐུད་རྒྱ་ཆེར་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་མུ་མཐུད་ཁྲིད་སྟོན་བྱས་ནས་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཧང་ག་རི་ཕྱོགས་ཀྱིས་ད་ལོའི་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་གོ་སྐབས་སུ་བཟུང་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཧྲུའུ་ཡིའུ་ཁེས་གསུངས་དོན། ད་ལོ་ནི་ཧང་ག་རི་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཕྱི་འབྲེལ་བཙུགས་ཚུན་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བཏང་ཡོད། 2017ལོར་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ལས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་སོགས་ཀྱི་མཉམ་ལས་བྱེད་རིང་ཧང་ག་རི་ཕྱོགས་ལ་ཕན་པ་མི་ཉུང་བ་ཞིག་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་ནས་རྒྱལ་སྤྱིའི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་འདོད་ཚུལ་བཏོན་གནང་བ་དེ་ནི་མིག་སྔའི་འཛམ་གླིང་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་ཐག་གཅོད་དང་དཔུང་ཚོགས་ཀྱི་འགྲན་རྒོལ་སྔོན་འགོག་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བས་ཧང་ག་རི་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་ནི་ཧང་ག་རིས་གཏན་ལ་ཕབ་པའི་བྱེད་ཕྱོགས་ཤིག་ཡིན། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འགྲོ་འོང་དམ་ཟབ་བྱེད་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཧང་ག་རི་དང་སེར་པི་ཡའི་དབར་གྱི་ལྕགས་ལམ་སོགས་གཙོ་གནད་མཉམ་ལས་རྣམ་གྲངས་ཀྱིས་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་འདིས་ཧང་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)