འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2023ལོའི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་དཔྱད་ཞིབ་བྱས་འབྲས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་བརྡ་ཁྱབ་ཐོག་གི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གིས་2023ལོའི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་དཔྱད་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དག་ཐེར་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་བརྡ་ཁྱབ་དགོངས་དོན་བརྒྱུད་བསྒྲགས་བྱས་རྗེས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ནན་ཤོས་བཞིའི”བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ནས། བཟའ་བཅའི་བདེ་འཇགས་ཀྱི་འཁོར་འབྲེལ་ཧྲིལ་པོ་དང་ལྷུ་ཚིགས་ཡོངས་ལ་ལྟ་འདོམས་མུ་མཐུད་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་དང་ཞིང་ཆེན་དབར་སྣོལ་སྡེབ་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་བྱེད་པའི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས། ཞིབ་འཇུག་དང་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉམས་མྱོང་དང་བྱེད་སྟངས་ཕྱོགས་བསྡོམས་བྱེད་པ། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
(པ་ཕན་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)