《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月10日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་དང་ཀྲུའུ་རེན་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་བསྟན་ཁོ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་དང་ཀྲུའུ་རེན་ཚོགས་འདུ་ཐེངས་ཉེར་བདུན་པ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་བཀོད་སྒྲིག་ལ་ཞིབ་འཇུག་གནང་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས〉ལག་བསྟར་བྱེད་པའི་བྱ་ཐབས》ཀྱི་ཁྲིམས་འཛུགས་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་གསན་པ་རེད།

ཚོགས་འདུའི་ཐོག་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་ཀྱི་ཕན་འབྲས་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་དང་། རང་རྟོགས་ངང་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་ངེས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་དེ་བཞིན་ལས་ཁུངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། (སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)