《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月09日

“ལྔ་གཅིག”གུང་གསེང་རིང་བོད་ཀྱི་འཛད་སྤྱོད་འཕེལ་ཤུགས་ཆེ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། “ལྔ་གཅིག”གུང་གསེང་རིང་། ལྗོངས་ཡོངས་ཀྱི་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་ཆེན་པོ་ལྡན་ལ་གུང་གསེང་གི་འཛད་སྤྱོད་ཀྱང་ཤུགས་ཆེན་འཕར་ཡོད། དུས་ཆེན་རིང་། ཚོང་དོན་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་བྱས་པའི་གཙོ་གནད་སིལ་ཚོང་དང་བཟའ་བཏུང་ཁེ་ལས་ལ་རིམ་རྩིས་བྱས་ན་ཕྱིར་ཚོང་གྲངས་འབོར་སྒོར་དུང་ཕྱུར་2.64བྱུང་བ་དེ་དུས་མཚུངས་ལས་11.9%འཕར་ཡོད།

འཛད་སྤྱོད་སྟོན་གྲངས་འཕར་བ་དེ་སྲིད་ཇུས་རྒྱུན་མཐུད་ཤུགས་འདོན་དང་། འཛད་སྤྱོད་ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་བ། བརྗོད་དོན་གཙོ་བོའི་བྲིན་སྐུལ་བསྟུད་མར་སྤེལ་བ་སོགས་དང་འབྲེལ་བ་དམ་ཟབ་ཡོད། “2024ལོའི་འཛད་སྤྱོད་ཡར་སྐུལ་ལོའི”ལས་དོན་ཇུས་གཞི་བཏོན་རྗེས། རང་ལྗོངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”བརྒྱད་བཏོན་པ་དེའི་ནང་རླངས་འཁོར་འཇོག་གླ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་རྒྱ་ཆེར་གཏོང་བ། དམངས་ཕན་འཛད་སྤྱོད་འཛིན་ཤོག་སྤྲོད་པ། རླངས་འཁོར་འཛད་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བྲིན་སྐུལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། སྡོད་ཁང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་8ཚུད་ཡོད། དུས་ཆེན་རིང“བདེ་སྐྱིད་ལྡན་པའི་བོད་ལྗོངས། སྤྲོ་སྣང་དོད་པའི་འཚོ་བ”བརྗོད་དོན་གཙོ་བོར་བྱས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་མུ་མཐུད་ལག་ལེན་བསྟར་ནས། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་ཀྱི་ཁ་གསབ་དང་། བཟའ་བཏུང་དང་། བཅོས་སྣུམ། ཚོང་ཁྲོམ་དང་སྒོ་རྩིས་ཚོང་ཁང་སོགས་ཁྱབ་ཁོངས་ཀྱི་འཛད་སྤྱོད་འཛིན་ཤོག་སྤྲད་པ་དེས་འཛད་སྤྱོད་སྒོར་ཁྲི་3900ལྷག་ཙམ་འཕར་བར་ཐད་ཀར་སྐུལ་ཁྲིད་ཐུབ་སྟེ་གྲོང་མིའི་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་བར་ནུས་པ་གལ་ཆེན་ཐོན་ཡོད།

རིག་གནས་དངོས་མང་སྟོན་ཚོགས་ཀྱི་འཆད་ཁྲིད་ཆེན་པོ་ཉན་པ་དང་། རིག་གནས་དངོས་མང་སྟོན་ཚོགས་ཀྱི་བློ་གསར་ཚོང་འདུས་ལ་ལྟ་བ། དམངས་སྲོལ་ལྷ་མོར་ལྟ་བ་སོགས“ལྔ་གཅིག”རིང་ནོར་བུ་གླིང་ཁའི་མཛེས་ལྗོངས་ཁུལ་དུ་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། དུས་ཆེན་གྱི་རིག་གནས་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཤེ་ཁྲེང་ཡུལ་སྐོར་གྱི་གྲངས་གཞི་ལས་མངོན་པར། “ལྔ་གཅིག”གུང་གསེང་རིང་གི་ཡུལ་སྐོར་དམིགས་ས་བོད་ཡིན་པའི་གནམ་གྲུའི་སྤ་སེ་མངགས་ཉོ་བྱེད་ཚད་དུས་མཚུངས་ལས་7%འཕར་བ་དང་བོད་ཀྱི་མགྲོན་ཁང་གི་མངགས་ཐོ་དུས་མཚུངས་ལས་4%འཕར་ཡོད།

ལྷ་སའི་དབན་ཏ་ཐང་ཆེན་དང་ཐེན་ཧའེ་ཚོང་ལས་ཁྲོམ་གཞུང་སོགས་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་དང་ཚོང་ལས་ཁྲོམ་གཞུང་ཁུལ་ཁག་གིས་དུས་ཆེན་གྱི་གོ་སྐབས་དམ་འཛིན་ཏན་ཏིག་བྱས་ནས། རིན་གོང་གཅོག་པ་དང་། གསར་གཏོད་ཚོང་འདུས། བརྗོད་དོན་གཙོ་བོའི་མཚན་ཁྲོམ། མཉམ་འགུལ་འཁྲབ་སྟོན་སོགས་ཚོང་ལས་བྲིན་སྐུལ་བྱེད་སྒོ་སྤེལ་ཡོད། གཞན་ཡང་དུས་ཆེན་རིང་བོད་ལྗོངས(ལྷ་ས)རྒྱལ་སྤྱིའི་རླངས་འཁོར་དངོས་མང་སྟོན་ཚོགས་སྐབས་བཅུ་པ་དང་། 2024ལོའི་བོད་ལྗོངས(ལྷ་ས)ཀྲུང་ཕྱིའི་དངོས་ཟོག་འགྲེམས་ཚོགས། “ལྔ་གཅིག”ནང་འདྲེན་ཚོང་ཟོག་ཉོ་སྒྲུབ་འགྲེམས་སྟོན་སོགས་ཀྱི་བྲིན་སྐུལ་བྱེད་སྒོ་ཡང་གཟབ་རྒྱས་གཉེར་ནས། གྲོང་མི་ཚོའི་དུས་ཆེན་རིང་གི་རང་འདོད་ཅན་དང་སྣ་མང་ཅན་གྱི་ཉོ་སྒྲུབ་དགོས་མཁོ་བསྐངས་ཡོད། དྲ་ཕྱི་བྲིན་སྐུལ་བྱེད་སྒོ་རབ་དང་རིམ་པ་ཕུད། དུས་ཆེན་རིང་ཆབ་མདོ་སོགས་གྲོང་ཁྱེར(ས་ཁུལ)གྱི་ཚོང་དོན་སྡེ་ཚན་གྱིས་ད་དུང་སྤུས་རྟགས་སྤུས་ལེགས་ཀྱི་དྲ་ཐོག་ཟོག་ཉོའི་དུས་ཆེན་སྐབས་དྲུག་པ་དང་བོད་ཀྱི་དངོས་ཟོག་ཡག་པོའི་དུས་ཆེན་སྐབས་གསུམ་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། དངོས་ཚན་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པ་དང་ཆབས་ཅིག འཛད་སྤྱོད་པར་སྟབས་བདེ་དང་། ནུས་ཆེ། གཟིགས་སྐྱོང་བཅས་ཀྱི་དྲ་ཐོག་འཛད་སྤྱོད་ཀྱི་ཉམས་ལེན་མཁོ་འདོན་བྱས་ཡོད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)