《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月08日

“ལྔ་གཅིག”གུང་གསེང་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་134.82ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་9.75བྱུང་བ།

མཛེས་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།

དྲོ་སྐྱིད་ཉི་འོད་གནའ་གྲོང་ལྷ་སར་འཕྲོས། སྟག་མའི་མེ་ཏོག་ལྷོ་ཁའི་ཡུལ་དུ་བཞད། ཤང་ཤང་ཡར་ཀླུང་གཙང་པོ་ཉིང་ཁྲིའི་རྒྱན། སྟག་ཤར་གཞོན་པའི་ཉམས་བཟང་ཆབ་མདོ་མཛེས། ཟླ་ལྔ་པར། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱིས་སྤྲོ་སེམས་འཁོལ་པོས་ལྗོངས་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བར་བསུ་བ་ཞུ་བ་དང་མི་རྣམས་ཀྱིས་ཞིམ་ཟས་ལོངས་སྤྱོད་དང་མཛེས་ལྗོངས་མྱོང་རོལ་ཁྲོད་ལུས་སེམས་ལྷོད་ལ་བབས། དམིགས་བསལ་གྱི་ཁྱད་ལྡན་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་གིས་ཡིད་དབང་འཕྲོག

གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། “ལྔ་གཅིག”གུང་གསེང་རིང་། རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཏུ་འགྲོ་འགོ་ཚུགས་པ་དང་མཛེས་ལྗོངས་ཁུལ་ཁག་ལ་ཡུལ་སྐོར་བས་ཁེངས་ཤིང་། ཟླ་5ཚེས་1ཉིན་ནས་ཚེས་5ཉིན་བར། རང་ལྗོངས་ཀྱིས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་134.82ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.46%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་9.75བྱུང་བ་དེ་དུས་མཚུངས་ལས་14.98%འཕར་ཡོད།

ཡུལ་སྐོར་བས། བོད་ནི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་མཆོག་ཅིག་རེད།

“ལྔ་གཅིག”གུང་གསེང་རིང་། རང་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ལ་ཡུལ་སྐོར་བས་ཁེངས་ནས་འཁྲུག་ཆ་ཧ་ཅང་དོད་ཅིང་། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་སོགས་མཛེས་ལྗོངས་ཁུལ་དུ་ཉིན་ལྟར་ལྟ་སྐོར་ལ་ཡོང་མཁན་ཡུལ་སྐོར་བའང་མང་པོ་ཡོད་པ་རེད།

ཀོང་ཏུང་གི་ཡུལ་སྐོར་བ་ཨ་ཅག་ལི་ལགས་ཀྱིས་གསར་འགོད་པར“ད་རེས་ང་རང་བོད་དུ་ཡུལ་སྐོར་ལ་ཡོང་ཐེངས་གཉིས་པ་ཡིན། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) བོད་ནི་ངའི་སེམས་ནང་གི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་མཆོག་ཅིག་ཡིན། ང་2016ལོར་མེ་འཁོར་ལ་བསྡད་དེ་བོད་དུ་ཡུལ་སྐོར་ལ་ཐེངས་དང་པོ་ཡོང་བ་ཡིན། ད་ཐེངས་གནམ་གྲུར་བསྡད་དེ་ཉིང་ཁྲིར་ཡོང་བ་ཡིན་པས་མཛེས་ལྗོངས་གཏན་ནས་འདྲ་གི་མི་འདུག ཡོང་ཐེངས་རེར་སེམས་འགུལ་རེ་ཐེབས་བྱུང”ཞེས་བཤད།

ཉེ་བའི་ལོ་ཤས་རིང་། བོད་ཆས་གྱོན་ནས་པར་རྒྱག་པ་ནི་ཡུལ་སྐོར་བས་བོད་དུ་ཡུལ་སྐོར་བྱེད་སྐབས་ཆད་མི་རུང་བའི་བྱ་བ་ཞིག་ཏུ་གྱུར་ཡོད། ཡུལ་སྐོར་བས་རྒྱན་གོས་ཐོག་ནས་བོད་ཀྱི་རིག་གནས་ཀྱི་ནང་དོན་མྱོང་ཚོར་ཐུབ་པ་དང་འདྲ་པར་ནས་བོད་ཀྱི་མཛེས་སྡུག་མངོན་པར་བྱེད་ཀྱི་ཡོད། “བོད་ཆས་གྱོན་པ་དང་རྒྱན་ཆ་བཏགས་རྗེས་ནང་མི་དང་མཉམ་དུ་པར་བརྒྱབ་ནས་དམིགས་བསལ་གྱི་དྲན་གསོ་ཞིག་འཇོག་གི་ཡིན”ཞེས་ཀན་སུའུ་ཡི་ཡུལ་སྐོར་བ་ཏུང་ཐིང་གིས་བཤད།

ར་འོག་མཚོ་དང་། བྲག་གསུམ་མཚོ། ཇོ་མོ་གླང་མའི་སྒར་ས་ཆེན་པོ་སོགས་མཛེས་ལྗོངས་ཁུལ་དུ་ལྔ་གཅིག་གུང་གསེང་རིང་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བས་ཁེངས་ཤིང་། ཁོང་ཚོས་ས་མཐོའི་ཡུལ་ལྗོངས་དང་གངས་ལྗོངས་ཀྱི་ངོ་མཚར་མཛེས་པ་མྱོང་རོལ་བྱས་ཡོད།

བོད་དུ་འཁོར་གཏོང་ཡུལ་སྐོར་བྱེད་པ་ནི་སྔ་བར་ཕྱི་གསུམ་དུ་ལྗོངས་ཕྱིའི་ཡུལ་སྐོར་བ་མང་པོ་ཞིག་གི་དགའ་ཕྱོགས་ཤིག་ལ་འགྱུར་ཡོད།

“ལམ་རྒྱུད་ཀྱི་མཛེས་ལྗོངས་ནི་ས་ཆ་གཞན་ནས་མཐོང་མི་ཐུབ་པས་ལུས་སེམས་གཉིས་ཀར་སྤྲོ་སྣང་སྟེར་བཞིན་འདུག”ཅེས་ཧྥུའུ་ཅན་ཞ་མོན་ནས་བོད་དུ་འཁོར་གཏོང་ཡུལ་སྐོར་ལ་ཡོང་བའི་ཡུལ་སྐོར་བ་ལུའེ་ལིས་གསར་འགོད་པར་བཤད།

གྲོང་མིས་གུང་གསེང་གི་དུས་ཚོད་ལོངས་སུ་སྤྱོད་པ།

གུང་གསེང་འཆར་རིམ་བཞིན་ས་མཐོའི་མི་རྣམས་ཀྱིས་གྲོགས་པོ་གྲོགས་མོ་དང་མཉམ་དུ་གླིང་ཁ་གཏོང་བར་དགའ་པོ་བྱེད་པ་དེ་ལས་མི་དང་རང་བྱུང་ཁམས་མཉམ་འདྲེས་ཀྱི་རྣམ་པ་མངོན་གྱི་ཡོད། “ལྔ་གཅིག”གུང་གསེང་རིང་། ལྷ་སའི་གྲོང་མི་མང་པོ་ཞིག་གིས་གྲོང་གསེབ་ཏུ་ཡུལ་སྐོར་ལ་འགྲོ་རྒྱུའི་གདམ་ག་བྱེད་པ་དང་ལྷ་སའི་ཉེ་འགྲམ་གྱི་སྟག་གདོང་གྲོང་ཚོ་དང་འཇུན་པ་ཉ་གྲོང་སོགས་ཡུལ་སྐོར་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།

སྟག་རྩེ་ཆུས་གཙང་རྟོགས་ཀྱི་དྲ་ཐོག་གྲགས་ཅན“གླིང་ཁ”འཁྱུག་དབྱིངས་ཐོག་སྐད་གྲགས་ཆོད་པར་བརྟེན་ལྷ་སའི་གྲོང་མི་མང་པོའི་ཡིད་དབང་བཀུག་ཡོད།

སྟག་རྩེ་ཆུས་གཙང་རྟོགས་ཀྱི་དྲ་ཐོག་གྲགས་ཅན“གླིང་ཁར”མ་འབྱོར་གོང་གི་སྨི་200ལྷག་ཙམ་ཡོད་པའི་རླངས་འཁོར་འཇོག་ས་ནས་རོལ་དབྱངས་ཀྱི་སྒྲ་དང་དགོད་སྒྲ་ལྷང་ལྷང་དུ་ཐོས་ཀྱི་འདུག

“ལྔ་གཅིག”གུང་གསེང་དང་བསྟུན་ནས་ལྷ་སའི་གྲོང་མི་ཚེ་རིང་རྡོ་རྗེའི་ནང་མི་ཚང་མ་སྔ་ས་ནས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་རྒྱལ་སྲས་སྒང་བཀྲ་ཤིས་གླིང་ཁར་གུང་གསེང་གཏོང་བར་བསྐྱོད་ཡོད། ཤང་ཤང་དུ་རྒྱུག་པའི་ཆུ་ཕྲན་དང་སྔོ་ལྗང་གོས་བཟང་གིས་བཀླུབས་པའི་སྤང་ལྗོངས་ཁྲོད་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གུར་མང་དག་ཅིག་བརྒྱབ་ཡོད། ཚེ་རིང་རྡོ་རྗེའི་ནང་མི་ཚོས་སྔོན་མངགས་བྱས་པའི་གུར་ནང་མཉམ་འཛོམས་ཀྱིས་དགའ་སྤྲོ་དང་དགོད་སྒྲའི་ཁྲོད་གླིང་ཁར་རོལ། “གུང་གསེང་གི་སྐབས་དང་བསྟུན་ནས་གཉེན་ཉེ་དང་གྲོགས་པོ་མཉམ་འཛོམས་ཀྱིས་རྒྱུན་དུ་བྲེལ་འཚུབ་ཆེ་བའི་ལུས་སེམས་དག་ལྷོད་ལ་བབས་པར་བྱས་པ་ཡིན”ཞེས་ཚེ་རིང་རྡོ་རྗེས་བཤད།

རིག་གནས་ཀྱིས་ཡུལ་སྐོར་ལ་གསོན་ཤུགས་སྦྱིན་པ།

རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱེད། ཟླ་5ཚེས་1ཉིན་རིག་གནས་དངོས་མང་སྟོན་ཚོགས་ཀྱི་འཆད་ཁྲིད་ཆེན་པོ་ཞིག་ལྷ་སའི་ནོར་བུ་གླིང་ཁར་འཚོགས་ཤིང་། “རིག་དངོས་རྒྱབ་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ལས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”སློབ་ཁྲིད་ལས་ལ་གཞོལ་ནས་ལོ་15སོང་བའི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཨོ་རྒྱན་རྒྱལ་མཚན་གྱིས། ད་ཐེངས་ནི་ངས་རིག་དངོས་རྩ་ཆེན་མང་པོ་དེ་འདྲ་ཐག་ཉེ་ས་ནས་མཐོང་ཐེངས་དང་པོ་ཡིན་ཞེས་བཤད།

རིག་གནས་དངོས་མང་སྟོན་ཚོགས་ཀྱི་འཆད་ཁྲིད་ཆེན་པོ་ཉན་པ་དང་། རིག་གནས་དངོས་མང་སྟོན་ཚོགས་ཀྱི་རིག་གནས་བློ་གསར་ཚོང་འདུས་ལ་ལྟ་བ། དམངས་སྲོལ་གྱི་ལྷ་མོར་ལྟ་བ་བཅས་འདི་ལོའི“ལྔ་གཅིག”གུང་གསེང་རིང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ནོར་བུ་གླིང་ཁར་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།

སྒོ་རའི་ཕྱི་རོལ་གྱི་ས་སྟོང་ཐོག་ཉི་འགོག་རས་ཡོལ་འཐེན་ནས་གར་སྟེགས་ཤིག་བརྒྱབ་པ་དང་དེའི་མཐའ་འཁོར་དུ་གྲོང་མི་དང་ཡུལ་སྐོར་བ་བསྡད་ཡོད། ཟླ་5ཚེས་1ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ནོར་བུ་གླིང་ཁའི་མཛེས་ལྗོངས་ཁུལ་དུ་ལྷ་མོ་འཁྲབ་པ་དང་། སྙན་འཇེབས་ལྡན་པའི་རོལ་དབྱངས་དང་སྐད་གསང་མཐོན་པོའི་འགྱུར་ཁུག་ལ་ལྟད་མོ་བ་ཚོའི་དགའ་བསུ་ཡང་ཡང་ཐོབ་ཡོད།

བརྐོས་རྒྱན་ལེགས་པའི་བོད་ལུགས་ཀྱི་ཇ་སྣོད་དང་། བལ་ལས་བཟོས་པའི་ཨ་ལད་པད་ཀོག་སོགས་སྤང་ལྗོངས་ཀྱི་འགྲམ་དུ་གཉེར་བའི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་རིག་གནས་བློ་གསར་ཚོང་འདུས་ཐོག་ཁྱད་ལྡན་རིག་གནས་བློ་གསར་ཐོན་རྫས་རིགས་10ལྷག་ཙམ་དང་སྣ་ཁ་500ལྷག་ཙམ་གཅིག་སྡུད་ཐོག་མངོན་པར་བྱས་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

“སྔ་དྲོ་གཅིག་རང་ལ་སྒོར་3000ལྷག་ཙམ་གྱི་ཐོན་རྫས་བཙོངས་པ་དང་གྲོགས་པོ་ཆུང་ཆུང་ཚོས་ལོ་རྟགས་ཀྱི་གཟུགས་བརྙན་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”ཁྲོམ་བདག་བདེ་དབྱངས་དང་དབྱངས་ཅན་གྱིས“གཟུགས་བརྙན་དེ་དག་གྱོན་ཆས་དང་པར་རིས་ཀྱི་དཔྱད་གཞི་མང་པོ་ཞིག་ལ་དཔེ་བལྟས་ནས་ཇུས་འགོད་བྱས་པ་ཡིན་དེའི་ཁྲོད་བོད་ཆས་ལ་ལྷ་ས་དང་། ཉིང་ཁྲི། གཞིས་རྩེ་སོགས་ས་ཆ་མང་པོའི་ཁྱད་ཆོས་འདུས་ཡོད”ཅེས་བཤད།

ཧྲའན་ཤིས་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ལི་ལགས་ཀྱིས“ད་ཐེངས་ང་ནོར་བུ་གླིང་ཁར་ཡོང་ཐེངས་དང་པོ་ཡིན། ནོར་བུ་གླིང་ཁའི་སྒོ་འཛུལ་མ་ཐག་བག་ཕེབས་ཤིང་ལྷོད་ལ་བབས་པའི་རྣམ་པ་མིག་ལམ་དུ་མངོན་དུས་ངའི་ཡིད་དབང་འཕྲོག་བྱུང་། ཡུལ་སྐོར་གྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་དེ་དག་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པས་དེ་ནས་ཁ་བྲལ་མི་འདོད་པའི་བློ་ཞིག་ཀྱང་སྐྱེ་གི་འདུག”ཅེས་བཤད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)