《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月06日

ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“བོད་ལྗོངས”རྟགས་ཅན་གྱི་ཐོན་རྫས་ཕྱིར་གཏོང་བྱེད་མགྱོགས་སུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཉིང་ཁྲིའི་ཀུ་ཤུ་སོས་པ་ཏུན་23སྐྱིད་གྲོང་འགག་སྒོ་བརྒྱུད་ནེ་པ་ལར་ཕྱིར་གཏོང་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་དམངས་ཚོགས་ལ་ཉིང་ཁྲིའི་ཀུ་ཤུའི་བྲོ་བ་མྱོང་དུ་བཅུག་ཡོད། དེའང་བོད་ལྗོངས་ཀྱི་ཤིང་ཏོག་ཕྱིར་གཏོང་བྱེད་ཐེངས་དང་པོ་རེད།

སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་ལས། རང་ལྗོངས་ཀྱི་ཞིང་ལས་དམིགས་བསལ་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྔར་ལས་མང་དུ་ཕྱིན་ཞིང་། དུས་ཚིགས་དང་པོར་རང་ལྗོངས་ཀྱི་ཁྱད་ལྡན་ཁུ་ལུ་དང་། ནས་ཆང་། ས་མཐོའི་རང་བྱུང་འཐུང་ཆུ་སོགས་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་ཕྱིར་གཏོང་དངུལ་འབོར་སྒོར་ཁྲི་2206.3ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་39.7%འཕར་ཡོད།

ཉེ་བའི་ལོ་ཤས་རིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ལ་དམིགས་ཏེ། ནེ་པ་ལ་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་ཞིང་ལས་བཟའ་བཅའི་ཐོན་རྫས་ཀྱི་ལག་རྩལ་རང་བཞིན་གྱི་ཚོང་དོན་བྱ་ཐབས་ལ་ཞིབ་འཇུག་བྱས་ནས་ཁ་གཏད་གཅོག་ཐབས་སྐོར་ཕྱོགས་སྟོན་རྩོམ་འབྲི་བྱས་པ་དང་ཆབས་ཅིག ཁེ་ལས་ལ་ལག་རྩལ་མི་སྣའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་། དངོས་སྦྱོང་གསོ་སྦྱོང་། དེ་བཞིན་ཐོན་སྐྱེད་བཟོ་རྩལ་ལེགས་གཏོང་དང་ཐོན་རྫས་ཀྱི་ཚད་གཞིའི་ལག་རྩལ་བློ་འདྲི་སོགས་མཁོ་འདོན་བྱས་ཏེ། ཁེ་ལས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ལག་རྩལ་གྱི་འདེགས་སྐྱོར་བྱེད་པར་ཞབས་འདེགས་ཡག་པོ་ཞུས་ཡོད།

ལྷ་ས་འགག་སྒོ་ལས་ཁུངས་ལག་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཧྲུན་ཀྲི་ཡིས་ངོ་སྤྲོད་བྱས་པར། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལག་རྩལ་ལྟེ་གནས་ཀྱིས་རྒྱལ་སྤྱི་དང་རྒྱལ་ནང་ཕན་ཚུན་ཁས་ལེན་གྱི་ཚོད་ལྟ་ཁང་གི་སྤུས་ཚད་དོ་དམ་མ་ལག་བཙུགས་པར། རྒྱལ་སྤྱིའི་ཐོག་ཁས་ལེན་པའི་ཞིབ་དཔྱད་ཚད་ལེན་སྙན་ཞུའི་ནུས་པ་ལྡན་ཡོད། དེས་ཁེ་ལས་ལ་ཕྱིར་གཏོང་གི“ལྗང་མདོག་བགྲོད་ལམ”བཏོད་དེ། འཕྲལ་མར་ཞིབ་དཔྱད་བྱས་ནས་རང་ལྗོངས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་པར་གཡས་གཞོགས་གཡོན་འདེགས་ཏན་ཏིག་བྱས་དང་བྱེད་བཞིན་ཡོད། དུས་ཚིགས་དང་པོར་རང་བྱུང་འཐུང་ཆུ་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་མ་དཔེ་ཁག་ཐེངས་400ལྷག་ཙམ་ལ་ཞིབ་དཔྱད་ཚད་ལེན་བྱས་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་དུས་ཚིགས་དང་པོར་ནང་འདྲེན་གྱི“འགག་སྒོ་སྒྲོལ་བའི་དུས་ཚོད་ཧྲིལ་པོ”ཆུ་ཚོད་14.58ཟིན་པ་དེ་2017ལོའི་ཟླ་12པ(ཆུ་ཚོད་77.43)ལས་81%ཐུང་དུ་ཕྱིན་པ་དང་། ཕྱིར་གཏོང་གི“འགག་སྒོ་སྒྲོལ་བའི་དུས་ཚོད་ཧྲིལ་པོ”ཆུ་ཚོད་0.74ཟིན་པ་དེ་2017ལོའི་ཟླ་12པ(ཆུ་ཚོད་11.41)ལས་94%ཐུང་དུ་ཕྱིན་ཡོད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)