འདི་རུ་དཀར་དམར་ཁྲ་གསུམ་གྱི་གློག་སྒྲོན་དང་།
ཅ་ཅོ་འར་འུར་གྱི་འདུ་འཛི་མེད་རུང་།
ཁ་ཁུ་སིམ་ལ་དྲོད་ཁོལ་འཁྱིལ་བའི་སྡོད་ཁང་གི་གྲུ་ཟུར་རེ་རེར།
བརྩེ་བས་ཕྱུག་པའི་ལྷང་ལྷང་དགོད་སྒྲ་ཡིས་ཁེངས་ཡོད།
ཕ་ཡུལ།
འདི་རུ་ཤིང་འབྲས་དཀར་དམར་གྱི་སྡེར་ཁ་དང་།
ཚལ་རིགས་སྣ་མང་གི་ཞིམ་ཟས་མེད་རུང་།
ལྷོག་ལྷོག་ཏུ་འཁོལ་བའི་བག་ཐུག་གི་རླངས་པ་རེ་རེར།
དགའ་སྐྱོ་འདྲེས་མའི་ལང་ཚོའི་གྲིབ་གཟུགས་ཀྱིས་ཁེངས་ཡོད།
ཕ་ཡུལ་ཨང་། ཕ་ཡུལ།
ལྟེ་ཁྲག་དམར་པོ་ཐང་ལ་འཇོ་ས།
རྣམ་ཤེས་ཀྱི་མགོ་ཁུངས་འཚོལ་ས།
བྱིས་དུས་ཀྱི་རྫི་གླུ་ལེན་ས།
གཞོན་དུས་ཀྱི་རྩེད་འཇོར་རོལ་ས།
རྒས་དུས་ཀྱི་རྣམ་ཤེས་བཅོལ་ས།
ཐམས་ཅད་ཀྱི་ཐམས་ཅད་ཁྱེད་ཉིད་དེ།
མདོར་ན། འདི་རུ་གྲང་རླུང་གི་ངར་ཁ་རྒོད་ཅིང་།
ཁ་བ་ཡི་བང་རིམ་མཐུག་རུང་།
དྲན་པའི་གཏིང་རུམ་ན།
བརྗོད་དུ་མེད་པའི་བདེ་བའི་ཚོར་བ་ཞིག་དང་།
ཡིད་ཀྱི་གཏིང་རུམ་དུ་བག་ལ་ཉལ་བའི་ཚོར་བ་དྲོན་མོ་དེ།
ནམ་ཡིན་རུང་ཡལ་ཐབས་ག་ལ་ཡོད།