གཅིག
སྒེའུ་ཁུང་ཆུང་ཆུང་འགྲམ་དུ། །
ཙོག་གེར་ལུས་པའི་གཞོན་ནུས། །
མཐིང་མདོག་ནམ་མཁའི་མཐོངས་སུ། །
ཁེར་རྐྱང་གཤོག་སྒྲོ་ལྡེམ་པའི། །
གསུང་སྙན་བྱིའུ་ཆུང་འཇོལ་མོར། །
གླུ་ཞིག་ལེན་དགོས་དྲན་ཡང་། །
གཤོག་རྩལ་རླུང་བུར་ཐོགས་པའི། །
མཛེས་ལྡན་བྱིའུ་ཆུང་འཇོལ་མོ། །
གཞོན་པའི་ཁྲ་ཆུང་མདུན་ནས། །
རླུང་དང་འགྲོགས་ནས་འཕུར་སོང་། །
ཕར་ཚུར་ལན་འགའ་བལྟས་རྗེས། །
ལྷོ་ཡི་ལྷུན་པོའི་རྩེ་ནས། །
སྤྲིན་དཀར་འདབ་མ་ཁྱུ་ཞིག །
ཅུང་ཙམ་འཚབ་པའི་ཚུལ་གྱིས། །
གཞོན་པའི་ཕྱོགས་སུ་བཞུད་བྱུང་། །
ཁེར་རྐྱང་གུར་ཀུམ་གཞོན་ནུས། །
སྐད་གསང་མཐོ་ཙམ་བྱས་ནས། །
སྙིང་གི་གཞས་ཆུང་ཁྲ་མོ། །
ལྷོད་ཀྱིས་ལན་གཅིག་བཏང་སྟེ། །
སྤྲིན་གྱི་རྒྱལ་མོར་བསྐུར་སོང་། །
གཉིས།
ལམ་འགྲོ་སྤྲིན་གྱི་རྒྱལ་མོས། །
ཟང་ཟིང་གྲོང་གི་དཀྱིལ་གྱི། །
ལམ་ཁའི་གློག་སྒྲོན་འདྲ་བའི། །
སྨིན་ལེགས་བྱིའུ་ཆུང་འཇོལ་མོར། །
ཨེ་ཐུག་ཨེ་ཡོང་བསམ་ནས། །
ཉི་མ་དཀར་གྱི་རིང་ལ། །
རི་ཆུ་ངལ་བས་བརྒལ་དུས། །
བྱིའུ་ཆུང་འཇོལ་མོའི་འགྲམ་དུ། །
གཞི་ནས་བསླེབས་ཙམ་བྱུང་ཐལ། །
དཀའ་ལས་ཁག་ཐག་ཆོད་ནས། །
དབུགས་ཀྱང་འབྱིན་རྔུབ་བྱེད་དཀའ། །
སྤྲིན་དཀར་ལྷོ་རུ་བཞུད་རྗེས། །
ད་ནངས་ལོག་པའི་ལམ་ཁར། །
ལང་ཚོའི་མེ་སྟག་འབར་བའི། །
གུར་ཀུམ་གཞོན་ནུ་ཞིག་གིས། །
མཛེས་ལྡན་འཇོལ་མོ་ཁྱེད་ལ། །
གཞས་ཆུང་ལན་གཅིག་བསྐུར་ཐལ། །
གསུང་སྐད་སྙན་པོ་མེད་རུང་། །
ཆད་ལྷག་གང་ཡང་མེད་པར། །
ཐེངས་གཅིག་ལེན་རྒྱུ་ཡིན་པས། །
ཁྱེད་ཀྱིས་གསན་པ་གནང་རོགས། །
གསུམ།
ལམ་ཁའི་གློག་སྒྲོན་འདྲ་བའི། །
བྱིའུ་ཆུང་འཇོལ་མོ་ཁྱེད་ལ། །
སྙིང་གི་སྐད་ཆ་ཁ་ཤས། །
དབྱངས་ཀྱི་འགྱུར་ཁུགས་ལྷན་དུ། །
ག་ལེར་སྨྲ་དགོས་བསམ་ཡང་། །
མཛེས་ལྡན་འཇོལ་མོ་ཁྱེད་ཀྱི། །
གཤོག་ཟུང་རླུང་བུར་ཐོགས་པས། །
གཞོན་སྐྱེས་ང་ཡི་ཕྱོགས་སུ། །
ཕྱི་མིག་ལྟ་ཁོམ་མེད་པར། །
རི་ཆུ་བརྒལ་ནས་འཕུར་སོང་། །
འོན་ཀྱང་ལས་ཀྱིས་རྐྱེན་པས། །
སྤྲིན་གྱི་རྒྱལ་མོ་འཕྲད་བྱུང་། །
གཞས་ཆུང་ཁོང་ལ་བསྐུར་ཡོད། །
འཕྲོད་པའི་སྨོན་ལམ་བཏབ་ཡོད། །
བཞི།
མེ་ཏོག་དམར་པོའི་གེ་སར། །
ཁྱེད་ཀྱི་ཡ་ཆུང་འདྲ་བྱུང་། །
ང་རང་རྐང་དྲུག་ཡིན་ན། །
ལྡིང་སྐོར་ལན་གསུམ་རྒྱག་འདོད། །
ནས་ཆང་བདུད་རྩིའི་བྲོ་བ། །
གང་ཡིན་ང་ཡིས་མ་མྱངས། །
སྒེག་ལྡན་ཁྱེད་ཉིད་མཐོང་དུས། །
འགྲམ་ཆུ་ཡང་ཡང་ལྡང་བས། །
ལན་གཅིག་མྱོང་འདོད་སྐྱེས་བྱུང་། །
སྒེག་ལྡན་ཁྱེད་ཀྱིས་ཁོ་བོར། །
རྒྱུས་མངའ་གང་ཡང་མེད་པས། །
མཚམས་སྦྱོར་གང་ཡང་མེད་པར། །
འདི་ལྟར་བཤད་པ་ཡིན་ན། །
ཡིད་ཀྱི་ཞིང་སར་བཏབ་པའི། །
རེ་བའི་མེ་ཏོག་སྐམ་འགྲོ །
ལྔ།
ང་ནི་བྱང་གི་འབྲོག་ཕྲུག །
བྲེ་སེར་འབྲོང་གི་ཟླ་བོ། །
ཁ་དཀར་རྐྱང་གི་སྐྱ་ཡ། །
རི་སྤྱང་སྔོན་མོའི་སྡོང་གྲོགས། །
རྟ་ནོར་ལུག་གི་རྫི་བོ། །
སྨུག་པོ་ལྡོང་གི་རིགས་རྒྱུད། །
མུ་མཐུད་འདི་ལྟར་བཤད་ན། །
གཏན་ནས་ཚར་བ་མི་འདུག །
སྒེག་ལྡན་འཇོལ་མོ་ཁྱེད་ཀྱི། །
ཐུགས་ཀྱི་རྩྭ་ཐང་ངོགས་སུ། །
དེ་དག་ཡོད་པ་ཡིན་ན། །
འབྲོག་ཐང་གྲུ་བཞིར་ལོག་དང་། །
བུ་ངས་ལུས་ངག་ཡིད་ཀྱིས། །
ཁྱེད་ལ་བསུ་མ་ཞུས་ཆོག །