དཔལ་རྒྱལ་ནི་ཚལ་ཁྲོམ་གྱི་བདེ་སྲུང་བ་ཞིག་རེད། དེ་སྔ་དམག་མི་བྱེད་མྱོང་བའི་ཁར། ནམ་རྒྱུན་ལུས་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་ཡོད་པས། ལོ་ལྔ་བཅུར་སླེབས་ཀྱང་གཟུགས་པོ་ཐང་པོ་ཡོད། དགོང་དྲོའི་ཆུ་ཚོད་བདུན་པའི་མཚམས་སུ། ཚལ་ཁྲོམ་གྱི་སྐུ་མགྲོན་མངོན་གསལ་གྱིས་ཉུང་དུ་ཕྱིན་པ་དང་། ཚོང་པ་རྣམས་ཀྱང་ཚོང་ཟོག་བསྡུས་ཏེ་རིམ་གྱིས་ལོག་འགྲོ་བས། ཚལ་ཁྲོམ་དུ་མི་ཉུང་ཉུང་ལས་མི་འདུག ཚལ་ཁྲོམ་གྱི་སྣེ་མོ་ཞིག་ནས་གློ་བུར་དུ། “རྐུན་པོ་བཟུང་། མགྱོགས་པོ་རྐུན་པོ་བཟུང”ཞེས་བུད་མེད་གཅིག་གིས་འཚབ་འཚུབ་དང་དངངས་སྐྲག་ཆེན་པོས་སྐད་རྒྱག་བཞིན་མཆིས། སྐོར་གཡེང་བྱེད་བཞིན་པའི་དཔལ་རྒྱལ་གྱིས་ཛ་དྲག་ཆེ་བའི་སྐད་སྒྲ་ཐོས་མ་ཐག་ལམ་སེང་དེའི་ཕྱོགས་སུ་བརྒྱུགས། དེ་དུས་དཔལ་རྒྱལ་གྱིས་ལོ་ན་ཉེར་ལྔ་ཉེར་དྲུག་ལ་སླེབས་པའི་བུད་མེད་དེས་གཞོན་ནུ་ཞིག་གི་རྗེས་ནས་འདེད་བཞིན་ཡོད་པ་དང་། གཞོན་ནུ་དེས་ལག་ཏུ་ཁུག་མ་ཞིག་ཐོགས་ཏེ་དངངས་འཚབ་ཆེན་པོས་བྲོས་བཞིན་པ་མཐོང་། དཔལ་རྒྱལ་ནས་གནས་ཚུལ་ཅི་ཞིག་ལྷག་པ་ཤེས་ཏེ། མྱུར་བར་དེའི་ཕྱོགས་སུ་བརྒྱུགས་ནས་གཞོན་ནུ་དེ་རྗེས་འདེད་བཏང་། སྲང་ལམ་འགའ་རྗེས་འདེད་བཏང་རྗེས་གཞོན་ནུ་དེ་བཟུང་ཐུབ་ཙམ་བྱུང་། གཞོན་ནུ་དེ་བཟུང་མ་ཐག་དཔལ་རྒྱལ་ནས་ཁོ་ས་ཐོག་ཏུ་མནན། དེ་དུས་དཔལ་རྒྱལ་ཁག་ནས་དབུགས་ཧལ་བཞིན་ཡོད་ཀྱང་། ཁོས་ཁོང་ཁྲོ་ཆེན་པོས་མུར་མཛོག་ཡར་ལ་བཀྱགས་ནས་གཞོན་ནུ་དེར་གཞུ་རྩིས་བྱེད་དུས། གཞོན་ནུ་དེས་སྐྲག་སྣང་ཆེན་པོས་ལག་གི་ཁུག་མ་དེ་མ་ཉིད་དུ་ས་ལ་བསྐྱུར་ཞིང་། མགོ་བོར་སྦར་མོ་བཀབ་ནས“སྐུ་མཁྱེན། ང་ལ་མ་གཞུ་རོགས”ཞེས་བཤད་དེ་ཞུ་བ་ཕུལ།
གཞོན་ནུ་དེའི་སྐྲག་སྣང་ཆེ་ལུགས་ལ་བལྟས་ན་རྐུན་པོ་ལང་ཤོར་རང་མིན་ཚོད་ཤེས་པས། དཔལ་རྒྱལ་གྱིས་མཁའ་ལ་འཕྱར་བའི་མུར་མཛོག་ག་ལེར་བསྐུམས། དེ་དུས་བུད་མེད་དེ་ཡང་དབུགས་ཧལ་བཞིན་དེ་གར་འབྱོར་ཞིང་། བུད་མེད་དེས་དཔལ་རྒྱལ་ལ་བཀའ་དྲིན་ཆེ་ཞུས་ཏེ། “ང་ད་ལྟ་རང་སློབ་གྲྭར་ཕྲུ་གུ་བསུ་བར་འགྲོ་མཁན་ཡིན། ལམ་སེང་མ་ཕྱིན་ན་ཕྱི་དྲགས་པ་འདུག་པས། རྐུན་པོ་འདི་ཁྱེད་ནས་ཐག་གཅོད་གནང་རོགས། ཁྱེད་རང་གི་ཁ་པར་ཨང་གྲངས་བདག་ལ་གནང་དང་། ཕྲུ་གུ་བསུས་རྗེས་ཁྱེད་ལ་ཐུགས་རྗེ་ལན་འབུལ་ཞུ་བར་བཅར་ཆོག”ཅེས་བཤད་དེ་དཔལ་རྒྱལ་གྱི་ཁ་པར་ཨང་གྲངས་བླངས་ནས་བྲེལ་བྲེལ་འཚུབ་འཚུབ་ངང་སློབ་གྲྭའི་ཕྱོགས་སུ་སོང་།
དཔལ་རྒྱལ་གྱིས་གདོང་དང་གྱོན་གོས་གཙང་མ་མེད་པའི་བུ་དེར་ཞིབ་པར་ལྟ་དུས། ཁོ་ནི་ལོ་ན་བཅུ་བཞི་བཅོ་ལྔ་ཙམ་ལས་སོན་མེད་པའི་གཞོན་གཞོན་ཞིག་ཡིན་པ་ཤེས་པས། “ཁྱོད་ལོ་ན་ཆུང་ཆུང་འདི་འདྲར་ལས་ཀ་གཞན་གང་བྱས་བྱས་བཞག་སྟེ། མ་རབས་ཐ་ཤལ་གྱི་རྐུན་པོའི་ལས་ངན་འདི་འདྲ་བྱེད་དོན་གང་ཡིན། འགྲོ། ང་དང་མཉམ་དུ་མངགས་གཏོང་ཁང་ལ་འགྲོ”ཞེས་བརྗོད།
“མངགས་གཏོང་ཁང”ཞེས་པའི་གཏམ་དེ་ཐོས་མ་ཐག་བུ་དེ་སྐྲག་ནས་རང་དབང་མེད་པར་ངུ་ཤོར་བ་དང་། ཁོས་ངུ་སྐད་འདྲེས་མས“དགོངས་པ་མ་ཚོམས། ངས་ནོར་སོང་། ད་ནས་བཟུང་རྐུ་མ་གཏན་ནས་རྐུ་གི་མིན། སྐུ་མཁྱེན། ད་རེས་ཁྱེད་ཀྱིས་ང་གློད་རོགས་གནང”ཞེས་ཞུ་བ་ཡང་ཡང་ཕུལ། དཔལ་རྒྱལ་གྱིས“ཁྱོད་ཀྱིས་རྐུ་མ་རྐུ་དོན་གང་ཡིན། ད་རེས་རྐུ་མ་རྐུ་ཐེངས་ག་ཚོད་ཡིན”ཞེས་དྲིས་པར། བུ་དེས་ངུ་བཞིན་དུ“ད་རེས་རྐུ་མ་རྐུ་ཐེངས་དང་པོ་ཡིན། ཁ་ས་ནས་ད་བར་ཟས་ཁམ་གང་ཡང་རག་མ་བྱུང་། ལྟོགས་ཏེ་བཟོད་ཐབས་མི་འདུག་པས་མ་རྐུ་ཀ་མེད་བྱུང”ཞེས་ཤོད་བཞིན་ངུ་སྐད་ཆེ་རུ་བཏང་། དཔལ་རྒྱལ་ནས་བུ་དེའི་ཐལ་མདོག་གི་ངོ་གདོང་དང་། སྐམ་ལ་རིད་པའི་ལུས་ལ་བལྟས་ཏེ་སེམས་ཀྱིས་མ་བཟོད་པར་ཟ་ཁང་ཞིག་ཏུ་ཁྲིད། བུ་དེ་ནི་བཀྲེས་ལྟོགས་ཀྱིས་ཡུན་རིང་མནར་སྟབས། ལྟོགས་རྔམ་ཆེན་པོས་མོག་མོག་མི་ཉུང་བ་ཞིག་ཡུད་ཙམ་ཞིག་ལ་བཟས་ཚར་སོང་།
དཔལ་རྒྱལ་གྱིས་བུ་དེ་ལྟོགས་པ་ཤེས་ཀྱང་ལྟོགས་པོ་འདི་འདྲ་བྱུང་ཡོད་སྙམ་པ་གཏན་ནས་མེད་པས་ཁོ་ལ་ལྟ་བཞིན་ཧ་ལས་ཏེ། “ཁྱོད་ཀྱི་མིང་ལ་ག་རེ་ཟེར་གྱི་ཡོད། ལོ་ག་ཚོད་ཡིན། གང་དུ་སྡོད་ཀྱི་ཡོད”ཅེས་དྲིས་པར། བུ་དེས་ཁ་ལག་ཟ་བཞིན་དུ། “ངའི་མིང་ལ་དོན་གྲུབ་ཟེར་གྱི་ཡོད། ཆུ་མིག་གྲོང་ཚོར་སྡོད་ཀྱི་ཡོད། ལོ་བཅོ་ལྔ་ཡིན། ཕ་མ་གཉིས་ཆུང་དུས་ནས་འདས་སོང་། ད་ཆ་ཁྱིམ་དུ་ང་དང་སྤོ་བོ་ལགས་མ་གཏོགས་ལྷག་མེད་པས། སྤོ་བོ་ལགས་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད”ཅེས་བརྗོད།
དཔལ་རྒྱལ་ནས་དེ་དག་ཐོས་རྗེས་སེམས་མི་བདེ་བར་གྱུར་ཞིང་། “དཀའ་ངལ་ཇི་འདྲ་འཕྲད་ཀྱང་རྐུ་མ་གཏན་ནས་རྐུ་མི་རུང་། དེ་ནི་ཁྲིམས་འགལ་ཡིན་པ་ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས”ཞེས་བརྗོད།
བུ་དེས་དཔལ་རྒྱལ་ལ་བལྟས་ཏེ་མགོ་བོ་ལྕོག་ལྕོག་ལན་འགའ་བྱས་པ་དང་། དེ་ནས་མིག་ཆུ་ཤ་ར་ར་གཏོང་བཞིན་དུ“ཁྱེད་ཀྱིས་ང་མངགས་གཏོང་ཁང་ལ་རྩིས་སྤྲོད་དམ”ཞེས་དྲིས། དཔལ་རྒྱལ་གྱིས་བུ་དེར་སྙིང་རྗེ་དྲག་པོ་སྐྱེས་ཏེ་དབུགས་རིང་ཞིག་བཏང་ནས། “ཁྱོད་ཀྱིས་ད་ནས་བཟུང་རྐུ་མ་མི་རྐུ་བའི་ཁས་ལེན་བྱས་པས་ད་རེས་ངས་ཁྱོད་ཐར་པར་བཏང་ཆོག ཡིན་ནའང་ཁྱོད་ནས་ཁས་ལེན་བྱས་པ་བཞིན་ད་ནས་བཟུང་དཀའ་ངལ་གང་ཞིག་འཕྲད་ཀྱང་རྐུ་མའི་ལས་ངན་གཏན་ནས་རྩོམ་མི་རུང་། གལ་སྲིད་ལམ་ངན་པ་དེར་མུ་མཐུད་ཕྱིན་ཚེ། མི་གཞན་གྱིས་བཟུང་ངེས་ཡིན་པས་སྐབས་དེ་དུས་ལམ་འགྲོ་འདི་འདྲ་རྒྱུག་མི་སྲིད”ཅེས་བཤད།
དཔལ་རྒྱལ་གྱི་སྐད་ཆར་རྣ་བ་བླགས་རྗེས། བུ་དེའི་གདོང་ལས་འཛུམ་མདངས་ཤིག་ངང་གིས་འཕྱུར་བ་དང་ཁོས“བཀའ་དྲིན་ཆེ། ཉིན་མ་དེ་རིང་ནས་བཟུང་ངས་རྐུ་མ་མི་རྐུ་ཁོ་ཐག་ཡིན། ངའི་སྤོ་བོ་ལགས་ཁོང་ལ་སྙུན་གཞི་ཕོག་སྟེ་མལ་སར་ལུས་ཡོད་པས། ཟས་ལྷག་མ་དེ་དག་སྤོ་ལགས་ཁོང་ལ་འཁྱེར་ན་འགྲིག་གམ”ཞེས་དྲིས་པར། དཔལ་རྒྱལ་གྱིས་བུ་དེར་ཡ་ང་སྙིང་རྗེའི་བསམ་པ་དྲག་པོ་ཞིག་སྐྱེས་ཏེ། རང་གི་ཨམ་ཕྲག་ནང་གི་དངུལ་ཚང་མ་བུ་དེར་སྤྲད་ནས“དངུལ་འདི་དག་འཁྱེར་ནས་རང་གི་སྤོ་བོ་ལགས་ལ་སྨན་དང་ཁ་ལག་ཉོས་ཤིག ཕར་ལོག་རྗེས་ཁྲིམས་འགལ་གྱི་བྱ་བ་གཏན་ནས་བྱེད་མི་རུང་། རྗེས་སུ་ཡིན་ལུགས་ཚུལ་ལྡན་གྱི་ལས་ཀ་ཞིག་བཙལ་ནས་འཚོ་བ་ཡག་པོ་སྐྱོལ”ཞེས་བརྗོད། བུ་དེས་པུས་མོ་ས་ལ་བཙུགས་ཏེ། “བཀའ་དྲིན་ཤིན་ཏུ་ཆེ། ངས་ཁྱེད་ཀྱི་ཁ་ཏ་བསླབ་བྱ་དང་བཀའ་དྲིན་མ་བརྗེད་པར་བྱས་ཏེ་ཆེན་པོ་ཆགས་རྗེས་ཁྱེད་ཀྱི་བཀའ་དྲིན་གསོལ་ཆོག”ཅེས་བཤད་ནས་ངུ་གིན་ངུ་གིན་དུ་ལོག་སོང་།
དོན་དེ་བྱུང་ནས་ད་བར་མི་ལོ་བཅོ་ལྔ་ལྷག་འདས་པས། དཔལ་རྒྱལ་ཡང་ལོ་ཟླའི་ཁུར་གྱིས་མནོན་པའི་རྒད་པོ་ཞིག་ཏུ་གྱུར། དེ་ཉིན་དཔལ་རྒྱལ་འཆམ་འཆམ་ལ་འགྲོ་དུས་གློ་བུར་དུ་རླངས་འཁོར་ཞིག་གིས་རྒྱབ་ནས་བརྡུངས་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་། སྨན་ཁང་དུ་ཡུན་རིང་སྨན་བཅོས་བྱས་ཀྱང་ལོ་ན་མཐོ་བའི་ཁར་གཟུགས་པོའི་རྨང་གཞི་ཞན་པས་དྲག་སྐྱེད་འགོར་བ་མ་ཟད། བཅོལ་དངུལ་ཚང་མ་སྨན་རིན་དུ་བཏང་ཟིན་པས། ད་ནི་དབུགས་རིང་གཏོང་བཞིན་སྨན་ཁང་ནས་ཕྱིར་ཐོན་རྩིས་བྱེད། སྐབས་དེར། ནད་ཁང་དུ་ལུས་ལ་ཕྱི་གླིང་བའི་གྱོན་གོས་གྲ་དག་གྱོན་པའི་ཕོ་གཞོན་ཞིག་འཛུལ་བྱུང་། ཁོས་ལག་ཏུ་འོ་མ་དང་ཤིང་འབྲས་མང་པོ་འཁྱེར་འདུག ཕོ་གཞོན་དེས་རྒད་པོ་དཔལ་རྒྱལ་གྱི་ལག་ནས་བཟུང་སྟེ། “ང་རང་ཡོང་བ་འཕྱིས་དྲགས་འདུག ད་བར་ང་ནང་ས་དང་ལྷ་ས་སོགས་སུ་འགྲོ་དགོས་བྱུང་སྟབས་དེ་རིང་འདི་གར་འབྱོར་མ་ཐག་ཡིན། ཁྱེད་ཀྱིས་ང་ངོ་མཁྱེན་ནམ། ང་ནི་མི་ལོ་བཅོ་ལྔའི་གོང་དུ་ཁྱེད་ཀྱིས་བཟུང་ནས་གློད་གྲོལ་བཏང་བའི་རྐུན་པོ་དེ་ཡིན། སྐབས་དེ་དུས་ཁྱེད་ཀྱིས་ང་ཐར་པར་བཏང་བ་མ་ཟད། དངུལ་མང་པོ་གནང་ནས་སླད་ཕྱིན་ཁྲིམས་འགལ་གྱི་བྱ་བ་སྤངས་ཏེ་ཁྲིམས་མཐུན་ལུགས་མཐུན་གྱི་མི་ཞིག་བྱེད་དགོས་པའི་ཁ་ཏ་བསླབ་བྱ་མང་པོ་གནང་བ་དེས། ད་གཟོད་ང་རང་གྲུབ་འབྲས་ངེས་ཅན་ཡོད་པའི་ཁེ་ལས་པ་ཞིག་ལ་གྱུར་བ་རེད། གལ་ཏེ་སྐབས་དེ་དུས་ཁྱེད་ཀྱི་རོགས་རམ་དང་ལྷག་བསམ་དག་པའི་ཁ་ཏ་བསླབ་བྱ་དག་མེད་ཚེ། ད་ཆ་ང་མི་གང་འདྲ་ཞིག་ཏུ་འགྱུར་མིན་ཤོད་ཚོད་ཁག་པོ་ཡིན་པས། ངས་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཀྱི་བཀའ་དྲིན་སྙིང་ཁར་བཅངས་ཡོད”ཅེས་བཤད་དེ། ལག་ཁུག་ནས་སྒོར་ཁྲི་སུམ་ཅུ་བཏོན་ཏེ་རྒད་པོའི་ལག་ཏུ་སྤྲད། རྒད་པོ་དཔལ་རྒྱལ་གྱིས་ཡིད་ཆེས་ལ་མ་ཆེས་པའི་ངང་ཕོ་གཞོན་དེར་ལྟ་བཞིན་ཡུད་ཙམ་རིང་ངག་ནས་སྐད་ཆའང་མ་འཁྲོལ་བར་ལུས་སོ།།