《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月05日

ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གིས།

འབྲས་སྐྲན་གཉིས་འགོག་བཅོས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བུད་མེད་ཀྱི་གཟུགས་གཞི་བདེ་ཐང་ལ་གཅེས་སྐྱོང་གིས་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་བདེ་ཐང་བདེ་སྲུང་གི་འདུ་ཤེས་མུ་མཐུད་ཟབ་ཏུ་གཏོང་ཆེད། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གི་གྲོང་ལྷན་ཁག་གིས་ཉིན་ཤས་རིང་རྔ་ཆེན་ཁྲོམ་གཞུང་འཕྲོད་བསྟེན་ཁང་དང་མཉམ་དུ་བྱ་སྤྱོད་སྤེལ་ནས“བུད་མེད་ལ་གཅེས་སྐྱོང་གིས་བདེ་ཐང་སྲུང་སྐྱོང་བྱེད་པའི”འབྲས་སྐྲན་གཉིས་འགོག་བཅོས་ཀྱི་དྲིལ་བསྒྲཌ་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།

རྔ་ཆེན་ཁྲོམ་གཞུང་འཕྲོད་བསྟེན་ཁང་གི་ཆེད་ལས་སྨན་པས་བྱེད་སྒོ་སྤེལ་ཡུལ་དུ་མང་ཚོགས་ལ་ནད་རྟགས་དང་། དབྱེ་བཤེར་བྱ་ཐབས། སྔོན་འགོག་བྱ་ཐབས་སོགས་ཚུད་པའི“འབྲས་སྐྲན་གཉིས”ཀྱི་འབྲེལ་ཡོད་ཤེས་བྱ་གོ་བདེ་རྟོགས་སླའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད། དོན་དངོས་ཀྱི་དཔེ་མཚོན་བརྒྱུད་ཚང་མར་འབྲས་སྐྲན་གཉིས་ཀྱི་གནོད་འཚེ་དང་། སྔ་ཙམ་དབྱེ་བཤེར་གྱི་དགོས་ངེས་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཡོད། མངལ་སྐེའི་འབྲས་སྐྲན་གྱི་དོགས་གཞི་ཡོད་པའི་གྲོང་མི་ཁག་གཅིག་ལ་དམིགས་ཏེ། སྨན་པས་སེམས་རྩ་འཁོལ་པོས་འགྲེལ་བཤད་བརྒྱབ་པ་དང་འབྲེལ། ངེས་པར་དུ་དུས་བཀག་ལྟར་མངལ་སྐེའི་འབྲས་སྐྲན་བརྟག་དཔྱད་ནང་ཞུགས་ནས། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས་བཅས་བྱེད་དགོས་པའི་ཤ་ཚའི་དྲན་སྐུལ་བྱས་པ་རེད། ཁྲོམ་གཞུང་དང་། ཁྲོམ་གཞུང་འཕྲོད་བསྟེན་ཁང་། དེ་བཞིན་གྲོང་ལྷན་ཁག་བཅས་ཀྱིས་མཁོ་འདོན་བྱས་པའི་སྒོ་འགྲམ་གྱི་ཞབས་ཞུར་ད་ཐེངས་ཀྱི་དབྱེ་བཤེར་ནང་ཞུགས་མཁན་གྲོང་མི་ཚོས་བསྔགས་བརྗོད་ཆེན་པོ་བྱས་པ་དང་འབྲེལ། སླད་ཕྱིན་བྱེད་སྒོ་དེ་རིགས་ལ་ཞུགས་པའི་གོ་སྐབས་དེ་བས་མང་བ་ཡོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།