འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཐབས་ལམ་ཡངས་སུ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ཀྱི་ཁ་ཕྱོགས་ལ་བསམ་གཞིག་ཧུར་ཐག་བྱེད་པ། ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་ལ་དེ་བས་འཚམ་པའི་དམིགས་བསལ་ལས་ཞུགས་ལས་གཏོད་བྱེད་སྟངས་འཚོལ་ཞིབ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པ་ཧྲེན་ཀྲེན“ཤིས་ཧན་ཨེར”རླངས་འཁོར་འཁྲུད་སར་དངོས་སུ་རྟོག་ཞིབ་བྱེད་པར་བསྐྱོད་ནས། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་བྱེད་སྟངས་ནང་འདྲེན་བྱ་ཆེད་དུས་འགོའི་བརྟག་ཞིབ་བྱས་པ་རེད།
ལྟ་སྦྱོང་བས་ས་གནས་ས་ཐོག་ཏུ“ཤིས་ཧན་ཨེར”རླངས་འཁོར་འཁྲུ་བའི་བརྒྱུད་རིམ་ལ་ལྟ་བ་དང་འབྲེལ་གཏུག་སྤེལ་རེས་བྱས་པ་བརྒྱུད། “ཤིས་ཧན་ཨེར”གྱི་རླངས་འཁོར་འཁྲུ་སྟངས་ལ་རྒྱུས་ལོན་ཟབ་མོ་བྱུང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རླངས་འཁོར་འཁྲུད་ས་དེར་རླངས་འཁོར་འཁྲུད་མཁན་15ཡོད་པར་ཚང་མ་རིག་པ་ལྐུགས་པ་དང་། སེམས་སྦུག་དོག་པ། དབང་རྩར་སྐྱོན་ཡོད་པ་སོགས་ཀྱི་དབང་པོ་སྐྱོན་ཅན་གྱི་གཞོན་ནུ་ཡིན་པ་དང་བློ་རིག་ལོ་7ཙམ་ལས་རྒྱས་ཐུབ་མེད་པ་ཤ་སྟག་རེད།
མིག་སྔའི་བར་རྒྱལ་ཡོངས་སུ“ཤིས་ཧན་ཨེར”གྱི་རླངས་འཁོར་འཁྲུད་ས་39ཡོད་པ་དང་དབང་པོ་སྐྱོན་ཅན་400ལྷག་ཙམ་གྱིས་ལག་ཟུང་ལ་བརྟེན་ནས་རང་ཉིད་ཀྱི་རིན་ཐང་མངོན་པར་བྱས་ཡོད། དེའི་རྗེས་སུ་ལྟ་སྦྱོང་བས་རླངས་འཁོར་འཁྲུད་སའི་ཉལ་ཁང་དང་། བྱེད་སྒོ་ཁང་། ཐབ་ཚང་བཅས་ལ་ལྟ་སྐོར་བྱས་ནས“ཤིས་ཧན་ཨེར”གྱི་ལས་ཞུགས་བྱེད་སྟངས་ལ་ངོས་འཛིན་སྔར་བས་ཟབ་མོ་བྱུང་ནས། ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་རང་གཤིས་ཅན་གྱི་ལས་རིགས་མཛུབ་ཁྲིད་དང་ལས་ཞུགས་ཞབས་ཞུའི་ལས་སྟེགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཡིད་ཆེས་ཆེ་རུ་ཕྱིན་པ་དང་། “ཤིས་ཧན་ཨེར”གྱི་རླངས་འཁོར་འཁྲུད་སྟངས་ནང་འདྲེན་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་རེ་བའི་ས་བོན་བཏབ་ཡོད།