འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་ནམ་མཁའ་སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་དེ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ནས། སྡེ་ཁུལ་གྱི་ལོ་60ཡན་གྱི་རྒན་རྒོན་ལ་སྒོ་རྩ་ནས་རིན་མེད་ངང་ཁ་ལག་སྤྲད་པ་རེད།
ནམ་མཁའ་སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་དུ་སྐྱོད་སྐབས། གཙང་ཞིང་གྲལ་འགྲིག་པའི་ཟ་ཁང་གི་ཁོར་ཡུག་གིས་མི་རྣམས་ལ་མཐོང་སྣང་དོད་པོ་ཞིག་སྦྱིན་ལ། རྒན་རྒོན་ཚོ་ཁ་ལག་བཟའ་བཞིན་ཡོད་པ་དང་ཕན་ཚུན་སྐད་ཤུགས་ཆུང་ངུས་གླེང་མོལ་བྱས་ཏེ་ངོ་གདོང་ལས་དགའ་བའི་འཛུམ་མདངས་ཤིག་མངོན།
ནམ་མཁའ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་གིས“རྒན་རྒོན་ཟ་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་90ཙམ་ཡོད་པ་དང་། མང་ཤོས་སུ་མི་40ཤོང་གི་ཡོད། རྒན་རྒོན་ཚོགས་སྤྱིར་རིན་མེད་ངང་ཁ་ལག་སྤྲད་པ་ཕུད་ཁོངས་གཏོགས་ཁུལ་གྱི་དམག་ཞབས་ཐིམ་པའི་དམག་མི་དང་། གད་པ། དབང་པོ་སྐྱོན་ཅན་བཅས་ལའང་ཁ་ལག་སྤྲད་ཀྱི་ཡོད། དེ་དང་ཆབས་ཅིག སྡེ་ཁུལ་གྱི་མི་ཧྲེང་རྒན་རྒོན་དང་འགྲོ་སྐྱོད་མི་བདེ་བའི་ཡུལ་མིར་རིན་མེད་ངང་འབྲས་ཚལ་སྒོ་རྩར་སྐྱེལ་བའི་ཞབས་འདེགས་ཞུས་ཏེ་གཅེས་སེམས་བརྒྱུད་སྤྲོད་བྱས་ནས་ཡུལ་མིའི་སེམས་སུ་ཚོར་ཐུབ་པ་བྱུང་ཡོད། སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་སྤྱོད་འགོ་ཚུགས་ནས་ད་བར་རྒན་རྒོན་60ལྷག་ཙམ་ལ་ཁ་ལག་སྤྲད་ཡོད”ཅེས་ངོ་སྤྲོད་བྱས།
ཞོགས་པ་ཇ་མངར་མོ་དང་བུལ་ཐུག་དང་། ཉིན་གུང་འབྲས་ཚལ་དང་ཤིང་འབྲས། དགོང་མོར་བོད་ཟས་བཅས་ཡོད། ནམ་མཁའ་སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་གིས་རྒན་རྒོན་གྱི་རྒྱུན་གཏན་གྱི་བཟའ་བཏུང་གོམས་གཤིས་དང་། ས་མཐོའི་གནམ་གཤིས་ཀྱི་ཁྱད་ཆོས་བཅས་ལ་གཞིགས་ཏེ“སྣུམ་ཚྭ་མངར་ཆ་གསུམ་ཉུང་དུ་གཏོང་བའི”རྩ་དོན་ལ་བརྩི་སྲུང་ཞུས་ཏེ། ཚལ་སྣ་ཕུན་སུམ་ཚོགས་པོ་ཡོང་བར་མཐོང་ཆེན་བྱས་ཐོག་ཚན་རིག་དང་མཐུན་པའི་ཚལ་ཐོ་བཟོས་པ་དང་ལུགས་མཐུན་ངང་སྦྱོར་སྡེབ་ཡག་པོ་བྱས་ཏེ། རྒན་རྒོན་གྱི་བྲོ་བ་དང་མཐུན་པ་བཟོས་ནས་དེ་གར་ཁ་ལག་བཟའ་བར་ཡོང་མཁན་རྒན་རྒོན་ཚང་མ་བློ་བདེ་དང་སྤྲོ་སྣང་ངང་ཁ་ལག་བཟའ་ཐུབ་པར་བྱས་ཡོད།
“སྡེ་ཁུལ་གྱི་ཟ་ཁང་བཙུགས་པ་དེས་ང་ཚོ་རྒན་རྒོན་ཚོར་སྟབས་ཧ་ཅང་བདེ་པོ་འདུག སྒོ་རྩ་ནས་གཙང་སྦྲ་ལྡན་ཞིང་འཚོ་བཅུད་སྙོམས་པའི་ཉིན་གཅིག་གི་ལྟོ་དུས་གསུམ་བཟའ་རྒྱུ་འདུག་ལ་རིན་པ་ཡང་སྤྲོད་མི་དགོས་པས་དངོས་གནས་ཡག་པོ་འདུག”ཅེས་ནམ་མཁའ་སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་དུ་ཁ་ལག་ཟ་བཞིན་པའི་ཡུལ་མི་ཐུབ་བསྟན་གྱིས་གསར་འགོད་པར་བཤད།
གོམ་སྟབས་རྗེས་མར། ནམ་མཁའ་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ནས། སྡེ་ཁུལ་ཟ་ཁང་གི་དོ་དམ་ལམ་སྲོལ་དང་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། གཉེར་སྐྱོང་དུས་མཚམས་སུ་ཁ་ལག་བཟའ་བའི་སྐབས་དང་བསྟུན་ཏེ་རྒན་རྒོན་གྱི་དགོས་མཁོ་དང་བསམ་འཆར་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས། ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་རྒན་རྒོན་ཚོར་སྔར་བས་སྤུས་ལེགས་ཀྱི་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་པ་རེད།