ཀའོ་ཆན་ཧྲེང་ལ་རྒྱུས་ལོན་བྱེད་འདོད་ན་ཁོང་གི་སྐྱོད་མྱོང་བའི་ལམ་བུ་ནས་འགོ་འཛུགས་དགོས།
མཚོ་བོད་ལྕགས་ལམ་གདང་ལ་ལྷོ་ཚུགས་ནས་ལན་ཐུང་གཙང་པོའི་བབས་ཚུགས་བར་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་146ཡོད་པའི་ནང་འཁྱགས་སས་སྤྱི་ལེ་74དང་མི་མེད་ཁུལ་གྱིས་སྤྱི་ལེ་72བཟུང་བ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡོད་པ། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་47ཟིན་པ། ལོ་ལྟར་རླུང་ཆེན་རིམ་པ་8ཐེངས་70ལྷག་ཙམ་བརྒྱབ་པ། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་བབས་ཚུགས་6ཡོད་པ། གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་ཕྱེད་ཀ་ཡང་ཟིན་གྱི་མེད་ལ་མཚོ་བོད་ལྕགས་ལམ་གྱི་བདག་སྐྱོང་བྱེད་དཀའ་ཤོས་དང་། གནོད་འཚེ་མང་ཤོས། རང་བྱུང་ཁོར་ཡུག་ཞན་ཤོས་བཅས་ཀྱི་དུམ་བུ་ཞིག་རེད། གངས་རི་འཁྱགས་ཀླུང་གིས་བསྡམས་པའི་ས་གཞི་དང་ཚེ་སྲོག་གི་མཐར་སོན་གནས་འདིས་མིའི་རིགས་ལ་ཚོད་བགམ་ཆེན་པོ་ཞིག་སྤྲད་ཡོད།
ཀའོ་ཆན་ཧྲེང་དང་ཁོང་གི་ཚོགས་པས་ལྕགས་ལམ་ལམ་ཐིག་འདིའི་བདག་སྐྱོང་གི་འགན་ཁུར་བ་དང་། ལོ་བཅུ་ལྷག་ཙམ་རིང་ཁོང་གིས་གྲང་ངར་ཆེ་བ་དང་། ཁ་བ་བུ་ཡུག་འཚུབ་པ། དབྱང་རླུང་མི་འདང་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་ནས་ས་ཁོངས་གཅིག་ནས་ས་ཁོངས་གཞན་ཞིག་ཏུ་བསྐྱོད། ལམ་དུམ་གང་དུ་སླེབས་ནའང་ཁོང་གིས་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་ལ་བརྟེན་ཏེ་བདག་སྐྱོང་གི་དཀའ་གནད་རེ་རེ་ལས་རྣམ་པར་རྒྱལ་ནས་མཚོ་བོད་ལྕགས་ལམ་གྱི་འཁྱགས་སའི་ཟམ་པ་དང་ལམ་གཞིའི་གསབ་སྒྱུར་བཅོས་སྒྲིག་ལས་གྲྭ་དང་ཕུག་ལམ་གྱི་གནོད་འཚེ་སྔོན་འགོག་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་ཀྱི་ལས་འགན་ལེགས་པར་བསྒྲུབས་ཏེ་འཛམ་གླིང་ས་མཐོའི་འཁྱགས་སའི་ལྕགས་ལམ་བདག་སྐྱོང་གི་ངོ་མཚར་བཏོད་ཡོད།
ཀའོ་ཆན་ཧྲེང་ནི་ཀྲུང་གུང་ཏང་ཡོན་དང་བཟོ་སྐྲུན་དགེ་རྒན་ཆེ་མོ་བ་ཞིག་ཡིན་ཞིང་2011ལོར་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་ཚོགས་པའི་ལྕགས་ལམ་བདག་སྐྱོང་ལས་གྲྭ་ཚད་ཡོད་ཀུང་སིར་ཞུགས། དུས་དེ་ནས་བཟུང་ཁོང་གིས་རང་ཉིད་ཀྱི་ལང་ཚོ་དང་ཁྲག་དྲོན་མཚོ་བོད་ལྕགས་ལམ་བདག་སྐྱོང་གི་བྱ་གཞག་ལ་ཕུལ་ཞིང་། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས། མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་ཏེ་མཚོ་བོད་ལྕགས་ལམ་བདེ་འཇགས་ངང་ཤར་བགྲོད་ཐུབ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་གི་ཡོད།
མཚོ་བོད་ལམ་ཐིག་དེ་ས་མཐོའི་ལྕགས་ལམ་གྱི་ཁོངས་སུ་གཏོགས་པས་ལམ་ཐིག་ལ་འགྱུར་ལྡོག་ཆེ་ལ་འགྱུར་ལྡོག་གི་གྲངས་གཞི་ཁག་ལ་དཔྱད་གཞི་གང་ཡང་མེད། ལམ་ཐིག་འགྱུར་ལྡོག་གི་ཆོས་ཉིད་མགྱོགས་མྱུར་ཁོང་དུ་ཆུད་པ་དང་། དུས་ཚིགས་མི་འདྲ་བ་དང་། དྲོད་ཚད་མི་འདྲ་བ། འཁོར་སྐྱོད་ནུས་པ་དང་འཁོར་སྐྱོད་མྱུར་ཚད་མི་འདྲ་བའི་གནས་ཚུལ་འོག་གི་ལམ་ཐིག་གི་འགྱུར་ལྡོག་ཤེས་རྟོགས་གང་ལེགས་བྱ་ཆེད། ཀའོ་ཆན་ཧྲེང་གིས་ལས་ཁུལ་ཁག་གི་བཟོ་དཔོན་གྱི་སྣེ་ཁྲིད་དེ་མི་མེད་ཁུལ་དུ་བཅའ་སྡོད་བྱས་ནས་གྲངས་གཞི་འཚོལ་བསྡུ་དང་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པས་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་པར་གནད་ལ་འཁེལ་ཞིང་ཞིབ་ཕྲ་བའི་གཞི་འཛིན་ས་ཞིག་ཐོབ་པ་དང་། དེའི་རིང་ཁོང་གིས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཙམ་གྱི་ཁོར་ཡུག་ཏུ་ཉིན་གང་སྡོད་ཀྱི་ཡོད། འཁྱགས་གནོད་ས་ཁུལ་གྱི་སྒྲིག་ཆས་ཀྱི་སྤུས་ཚད་འགན་ལེན་དང་མཚོ་བོད་ལྕགས་ལམ་གྱི་འཁོར་སྐྱོད་བདེ་འཇགས་འགན་ལེན་བྱ་ཆེད། ཁོང་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་གདང་ལའི་ལྷོ་རྒྱུད་དང་བྲག་སྐྱ་གཙང་པོ་སོགས་སུ་བསྐྱོད་དེ་ལས་བཟོའི་སྣེ་ཁྲིད་ནས་རྐང་ཐང་མར་འཁྱགས་ས་ཁག་ལ་དབྱར་དུས་སུ་གཟའ་འཁོར་རེར་ཐེངས་རེ་དང་དགུན་དུས་སུ་ཟླ་རེར་ཐེངས་གསུམ་ལྟ་ཞིབ་ཚད་ལེན་བྱས་ཏེ། གནམ་གཤིས་དང་དྲོད་ཚད་སོགས་ཀྱི་གྲངས་གཞི་ཐོབ་ཐབས་བྱས་པ་དང་། དེའི་རིང་ཁྱོན་སྤྱི་ལེ་146ལྷག་ཙམ་སྐྱོད་ཡོད།
འཁྱགས་སའི་ལམ་ཐིག་ལ་ཁོང་གིས་དོ་དམ་ཞིབ་ཚགས་བྱས་ནས་བཟོ་ཁུལ་དང་མི་སྒེར་ཚང་མར་འགན་འཁྲི་དོན་འཁྱོལ་བྱས་ཏེ་ལམ་ཐིག་གི་འགྱུར་ལྡོག་ལ་དུས་དང་རྣམ་པ་ཀུན་ཏུ་ལྟ་ཞིབ་ཚད་ལེན་བྱེད་པ་དང་འབྲེལ། ལྟ་ཞིབ་ཚད་ལེན་བྱས་འབྲས་ལ་གཞིགས་ནས་དམིགས་སའི་རང་བཞིན་ལྡན་པའི་བདག་སྐྱོང་བྱ་ཐབས་བཟོས་ཡོད། ད་དུང་ལས་ཀ་བྱེད་ཐེངས་རེར་ཟིན་བྲིས་ཞིབ་ཕྲ་བཀོད་ནས་ཉིན་རེར་བསྡོམས་རྩིས་དང་། ཟླ་རེར་ཕྱོགས་བསྡུས། དུས་ཚིགས་རེར་དབྱེ་ཞིབ། ལོ་རེར་ཕྱོགས་བསྡོམས་བཅས་བྱས་ཏེ་མཐོང་ཐོས་མྱོང་གྲུབ་ཀྱི་གྲངས་གཞི་འབོར་ཆེན་གསོག་འཇོག་བྱས་ནས་འཁྱགས་སའི་ལམ་ཐིག་སྔར་བས་ནུས་ལྡན་ངང་བཅོས་སྒྲིག་བྱེད་པར་གྲངས་གཞིའི་རྨང་གཞི་བཏིང་ཡོད།
ཀའོ་ཆན་ཧྲེང་ནི་ཕུལ་བྱུང་གི་བཟོ་སྐྲུན་པ་ཞིག་ཡིན་པ་མ་ཟད། ཕུལ་བྱུང་གི་དོ་དམ་པ་ཞིག་དེ་བས་ཀྱང་ཡིན། ལོ་མང་འཁྱགས་སའི་ཁུལ་གྱི་སྒྲིག་ཆས་དོ་དམ་ཐད་ཁོང་གིས་གནད་དོན་ལ་བརྟག་དཔྱད་གནད་འཁེལ་ཐུབ་པ་མ་ཟད་ཐག་གཅོད་ཇུས་གཞི་ནུས་ལྡན་ཡང་བཏོན་ཐུབ་ཡོད།
2020ལོ་ནས་2022ལོའི་བར། ཁོང་གིས་འཁོར་ཁང་དང་ལམ་ཐིག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཁོར་ལམ་ཞིབ་བཤེར་མེ་འཁོར་སྤྱད་ནས་ཉམས་བཟོའི་ལས་དོན་ལ་གནད་སྨིན་མཛུབ་ཁྲིད་བྱེད་པ་དང་། ལྷག་པའི་གནད་དོན་ཐག་གཅོད་བྱས་ཏེ་སྒྲིག་ཆས་ལ་ཁྱོན་ཡོངས་ནས་དོ་དམ་བྱེད་པ། གནད་སྨིན་ཚད་འཇལ་དང་ཉམས་བཟོའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། ལམ་གཞི་དང་ཞོར་གཏོགས་སྒྲིག་ཆས་ལ་ལོ་4ནང་ཁྱོན་ཡོངས་ཀྱི་ཞིབ་བཤེར་ཉམས་བཟོའི་འཆར་གཞི་དོན་འཁྱོལ་བཅས་བྱས་ཡོད།
ཁོང་གི་སྣེ་ཁྲིད་འོག་ཨ་མདོའི་འཁོར་ཁང་དུ“འགུལ་རྣམ་དང་འགུལ་མེད་ཞིབ་དཔྱད་ཚད་ལེན་ཟུང་འབྲེལ་དབྱེ་ཞིབ་དང་། ལྕགས་ལམ་སྒྲིག་ཆས་གནད་སྨིན་ཉམས་བཟོ། ལམ་མདོའི་སྒྲིག་ཆས་ཞིབ་ཚགས་ཉམས་བཟོ། ཉམས་བཟོ་ཆེན་པོ་དང་སྤྱིར་བཏང་གི་ཉམས་བཟོ་ཟུང་འབྲེལ”བཅས་ཀྱི་ཞིབ་བཤེར་ཉམས་བཟོའི་བསམ་ཕྱོགས་རིམ་བཞིན་ཆགས་ཡོད་པ་རེད། བསམ་ཕྱོགས་གསར་པ་དེ་རིགས་ཁྱབ་གདལ་དང་བེད་སྤྱོད་བྱས་པར་བརྟེན་འཁྱགས་སའི་ལམ་གཞིའི་འགྱུར་ལྡོག་གིས་ལྕགས་ལམ་སྒྲིག་ཆས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཐབས་བྲལ་བའི་དཀའ་གནད་གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་ཐུབ་པ་དང་མཚོ་བོད་ལྕགས་ལམ་གྱི་འཁོར་སྐྱོད་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་པ་མ་ཟད། འཁོར་ཁང་གི་ལྕགས་ལམ་སྒྲིག་ཆས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་འཐབ་ས་དང་པོའི་ལས་སྒྲུབ་ཐོན་སྐྱེད་ལས་ཕྱོད་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
འཁྱགས་ས་རྒྱུན་གཏན་བདག་སྐྱོང་གི་དཀའ་གནད་ཕུད། མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་དུམ་བུའི་མཚོ་ནག་མཚོ་ཁུལ་གྱི་ཟམ་ཆེན་དུ་བྱེ་མ་ཁེངས་པའི་གནད་དོན་དེའང་ཀའོ་ཆན་ཧྲེང་ལ་འཕྲད་པའི་འགྲན་སློང་ཆེན་པོ་ཞིག་རེད།
ཀའོ་ཆན་ཧྲེང་གིས་ཚོགས་པའི་སྣེ་ཁྲིད་དེ་སྔ་རྗེས་སུ་མཚོ་ནག་མཚོ་ཁུལ་དུ་བྱེ་མ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་50ལྷག་ཙམ་གཙང་སེལ་བྱས་པ་དང་དུས་མཚུངས་PEབྱེ་འགོག་དྲ་བ་མཐོ་པོ་དང་། PEགྲུ་བཞི་ཁ་གང་མའི་བྱེ་འགོག་དྲ་བ་སོགས་བསྐྲུན་པས་བྱེ་རླུང་གིས་སྣུབ་པའི་གནོད་འཚེ་ཆེས་ཆེར་ཉུང་དུ་ཕྱིན་པ་མ་ཟད། བྱེ་མ་ཕུངས་གསོག་ཐེབས་ཚད་ཀྱང་ཉུང་དུ་ཕྱིན་ནས་བདག་སྐྱོང་དོ་དམ་གྱི་གནོན་ཤུགས་ཆུང་དུ་ཕྱིན་ཡོད།
ཁོང་གི་འབད་བརྩོན་འོག་ས་མཐོའི་ལོ་མང་གི་འཁྱགས་ས་དང་བྱེ་རླུང་ཁུལ་དུམ་བུའི་སྒྲིག་ཆས་དོ་དམ་རིམ་བཞིན་ཚན་རིག་ཅན་དང་རྒྱུན་རྣམ་ཅན་དུ་གྱུར་ཞིང་། གྲུབ་འབྲས་དེར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལས་སྒོ་ཁོངས་གཏོགས་རིམ་ཁག་གི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད། 2019ལོར་ཁོང་ཞུགས་པའི《མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་དུམ་བུའི་བྱེ་རླུང་འགོག་བཅོས་ལག་རྩལ་འགག་སྒྲོལ་QCཚོགས་ཆུང》ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་སྤུས་ཚད་དོ་དམ་ཚོགས་ཆུང་གི་མཚན་སྙན་ཐོབ་ཡོད།
ལོ་མང་རིང་ཨ་མདོ་འཁོར་ཁང་ལ་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི“བཟོ་པའི་གདོང་ལེན་རྟགས་ཅན”དང་། སྔོན་ཐོན་ཏང་ཚོགས་ཆུང་། དཔེ་བཟང་འཁོར་ཁང་སོགས་ཀྱི་གཟི་བརྗིད་མཚོན་སྙན་རབ་དང་རིམ་པ་ཐོབ་ཡོད། ཀའོ་ཆན་ཧྲེང་རང་ཉིད་ལའང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཅིང་། སྔ་རྗེས་སུ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་ཚོགས་པའི་ཚན་རིག་ལག་རྩལ་བྱ་དགའི“བྱ་དགའ་རིམ་པ་གསུམ་པ”དང་ངལ་རྩོལ་འགྲན་བསྡུར་གྱི་མི་སྒེར་གྱི“བྱས་རྗེས་རིམ་པ་དང་པོ”ཐོབ་ཡོད། 2023ལོར་སྐབས་27པའི་ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་ནས་དེང་རབས་ཀྱི་ཕུལ་བྱུང་གཞོན་ནུའི་ཉམས་འགྱུར་མངོན་བཞིན་མཆིས།
(བདེ་དབང་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)