“ལྔ་གཅིག”ནི་གུང་གསེང་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་ངལ་རྩོལ་པའི་སྙིང་སྟོབས་དར་སྤེལ་གཏོང་བ་ཞིག་དེ་བས་རེད། “ལྔ་གཅིག”གུང་གསེང་རིང་རང་ལྗོངས་ཀྱི་ངལ་རྩོལ་པ་མང་པོ་ཞིག་གིས་སྔར་བཞིན་ལས་གནས་བརྟན་སྲུང་དང་ངལ་རྩོལ་པ་ཡག་ཤོས་ཤིག་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་བརྟན་ཤོས་ཤིག་ཡིན་པའི་ཁོང་ཚོས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་དུས་རབས་གསར་པའི་ངལ་རྩོལ་པའི་གླུ་དབྱངས་ལེན་བཞིན་ཡོད།
ཟླ་བ་ལྔ་པའི་ཉིན་དང་པོར་ཉི་འོད་གྲོང་དུ་སྐྱ་མདའ་བཏང་བ་དང་བསྟུན་ནས་བོད་ལྗོངས་གསར་བརྗེའི་འཛུགས་སྐྲུན་དང་བཅོས་སྒྱུར་དྲན་གསོ་ཁང་གི་ཐང་ཆེན་ལྷོ་མ་དང་ས་འོག་རླངས་འཁོར་འཇོག་སའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཚ་ཚ་འུར་འུར་ངང་ཨར་ལས་བྱེད་བཞིན་ཡོད་ཅིང་། གསོར་འབིགས་འཕྲུལ་འཁོར་དང་། རྐོ་འདྲུའི་འཕྲུལ་འཁོར། ལྗིད་འདེགས་འཕྲུལ་འཁོར་སོགས་ཨར་སྐྲུན་འཁོར་རིགས་ཕར་འགྲོ་ཚུར་འོང་བྱེད་པ་དང་། འཕྲུལ་ཆས་དང་སྒྲིག་ཆས་སྣ་ཚོགས་ཀྱི་ལྡིར་སྒྲ་གྲགས་པ། ཚ་ལའི་མེ་སྟག་ཆེམ་ཆེམ་དུ་ཐོར་བ། འཛུགས་སྐྲུན་པ་བརྒྱ་ལྷག་ཙམ་གྱིས་ལས་ཡུལ་དུ་འབད་འཐབ་བྱེད་བཞིན་ཡོད་པ་རེད།
བོད་ལྗོངས་གསར་བརྗེའི་འཛུགས་སྐྲུན་དང་བཅོས་སྒྱུར་དྲན་གསོ་ཁང་ནི་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་འཛུགས་སྐྲུན་བྱེད་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་དྲན་གསོ་ཁང་བསྐྲུན་རྗེས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་གསར་བརྗེའི་འཛུགས་སྐྲུན་དང་བཅོས་སྒྱུར་ལོ་རྒྱུས་ལ་དྲན་གསོ་དང་དྲིལ་བསྒྲགས་བྱེད་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པར་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར་སྐྲུན་དངོས་གཙོ་བོ་ལས་མཇུག་འགྲིལ་ཟིན་ཡོད། ལྷན་སྦྱར་རྣམ་གྲངས་ཡིན་པའི་ཐང་ཆེན་ལྷོ་མ་དང་ས་འོག་རླངས་འཁོར་འཇོག་སའི་རྣམ་གྲངས་ཀྱི་ཇུས་འགོད་བསམ་གཞི་ནི“ཉི་གཞོན་གངས་ལྗོངས་སུ་འཕྲོས། གསར་བརྗེའི་རྟགས་ཐམ་གསལ”ཞེས་པ་དེ་ཡིན་པ་དང་བསྐྲུན་ཟིན་རྗེས་གཟུགས་བརྙན་ངོམ་སྟོན་དང་། བྱེད་སྒོ སྤྲོ་གསེང་། ལྗོངས་གཟིགས་བཅས་གཞི་གཅིག་ཏུ་འདུས་པའི་ནུས་མང་ཐང་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།
ཨར་ལས་ཀྱི་དུས་ཚོད་ཡག་པོ་དམ་འཛིན་བྱ་ཆེད། རྣམ་གྲངས་སྐྲུན་མཁན་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ཀུང་སི་བཞི་པའི་བོད་ལྗོངས་ཡུག་ཁུལ་གྱིས“ལྔ་གཅིག”རིང་ལས་མི་ཡོངས་ངལ་གསོ་མ་བཞག་པར་མི་ཤུགས་དང་འཕྲུལ་ཆས་འདང་ངེས་ཡོད་པར་བྱས་པ་དང་། དངོས་ཟོག་དང་རྒྱུ་ཆ་འདང་ངེས་གྲ་སྒྲིག་བྱས་ཏེ་ཉིན་མཚན་ལྟོས་མེད་ལས་ཀ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་ནུས་ཤུགས་ཡོད་རྒུས་མགྱོགས་སུ་བཏང་བ་རེད།(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ཉི་མ་གྲོང་རྡལ་གཡུ་རྒྱལ་གྲོང་ཚོ་ནི་ཉི་མ་རྫོང་གི་བྱང་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་གྱི་ཡོད། “ལྔ་གཅིག”རིང་གཡུ་རྒྱལ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་རུ་ཁག་གི་རུ་མི་ཚོས་སྔར་བཞིན་ལས་གནས་བརྟན་སྲུང་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ནས་ས་གནས་དེ་གའི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་མང་ཚོགས་ལ་བདེ་འཇགས་དང་སྤྲོ་སྣང་ལྡན་པའི་གུང་གསེང་ཞིག་གཏོང་ཐུབ་པར་བྱས་ཡོད། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་སྡོད་ཀྱི“གཙོ་གནད་ལས་འགན་ལྔར”དམ་པོར་དམིགས་ནས་སེམས་ཤུགས་ཆེན་པོས་གྲོང་སྡོད་ལས་དོན་ནང་ཞུགས་ཏེ་འཚམས་འདྲི་བྱེད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། གྲོང་ཚོ་དང་དུད་ཚང་དུ་སྒྲོག་འགྲེལ་སོགས་བྱས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བ་ཆུང་ཙག་རེ་རེ་ལས་གྲོང་སྡོད་ལས་དོན་རུ་ཁག་ལ་མི་དམངས་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པར་བྱས་ཏེ་མང་ཚོགས་ལ་སྤྲོ་སྣང་དང་། འཆམ་མཐུན། བདེ་འཇགས་བཅས་ལྡན་པའི་དུས་ཆེན་གྱི་རྣམ་པ་ཞིག་ཧུར་ཐག་བཏོད་ཡོད།
གཡུ་རྒྱལ་གྲོང་ཚོའི་གྲོང་སྡོད་ལས་བྱེད་པ་ནི་ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པ་མང་པོའི་བསྡུས་རིས་ཙམ་ཞིག་ཡིན་པ་དང་། “ལྔ་གཅིག”རིང་བོད་ཀྱི་གྲོང་སྡོད་ལས་བྱེད་པ་དང་གཞི་རིམ་ལས་བྱེད་པ་མང་པོ་ཞིག་གིས་ལས་གནས་བརྟན་སྲུང་དང་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བཞིན་ཡོད།
“ལྔ་གཅིག”རིང་ལྷ་སའི་འགྲིམ་འགྲུལ་གྱི་གནད་ཆེ་ས་མང་པོ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག འཁྲུག་ཆ་དོད་པའི་ཚོང་ལས་ཁུལ་ཁག་གཅིག་བཅས་ལ་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཐོན་ཡོད། གྲོང་མི་དང་ཡུལ་སྐོར་བ་ཕྱིར་སྐྱོད་སྟབས་བདེ་ཡོང་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རིམ་མཐོའི་ལས་གནས་ལ་ཞུགས་པའི་ཇུས་གཞི་དུས་ཐོག་ཏུ་ལག་བསྟར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱས་ཏེ་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ཡོད།
གུང་གསེང་རིང་། ས་མཐོའི་ས་གཞི་ཆེན་པོར་ངལ་རྩོལ་པ་གྲངས་ལས་འདས་པ་ཞིག་ལས་གནས་ཀྱི་འཐབ་ས་དང་པོར་བྲེལ་བརྩོན་བྱེད་བཞིན་ཡོད་པ་དང་འབད་འཐབ་ཀྱི་གཟུགས་བརྙན་ལས་མི་སེམས་འགུལ་བའི་ངལ་རྩོལ་གྱི་རྣམ་པ་རེ་རེ་བཀོད་ཡོད།
(པ་ཕན་གྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)