《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月02日

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས།

ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་དམངས་ཀྱི་སེམས་ཁྲལ་བསལ་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱས་པའི་ཁར། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་གོ་སྐབས་དང་མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུ་དམིགས་ཡུལ་དུ་བྱས་ཏེ། ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་འགུ་རོ་གྲོང་རྡལ་དུ“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱས་ནས་དམངས་ཀྱི་སེམས་ཁྲལ་སེལ་བ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ཁོང་ཚོས་མང་ཚོགས་ཀྱི་སྒོ་རྩར་དམངས་ཀྱི་བསམ་འདུན་ཉན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

བྱེད་སྒོ་སྤེལ་རིང་ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་པ་ཚོས་གྲོང་རྡལ་སྲིད་གཞུང་གི་སྒོ་འགྲམ་དུ་དྲིལ་བསྒྲགས་སྒྲོམ་སྟེགས་བཙུགས་ཏེ། འགྲོ་འོང་བྱེད་མཁན་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་དེ། ཞིབ་དཔྱོད་ལས་ཁུངས་ཀྱི“ཞིབ་དཔྱོད་ཆེན་པོ་བཞིའི”འགན་ནུས་དང་ན་སོ་དར་ལ་མ་བབས་པའི་མིའི་སྐོར་གྱི་ཞིབ་དཔྱོད་ལས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། མང་ཚོགས་ཀྱི་དོགས་གཞི་སེལ་བ། མང་ཚོགས་ལ་བཅའ་ཁྲིམས་དྲིལ་བསྒྲགས་བྱས་ནས་རང་ངོས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་། རེ་འདུན་ལུགས་མཐུན་ངང་ཞུ་བ། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱས་ཤིང་། མི་དམངས་མང་ཚོགས་ཀྱིས་ཞིབ་དཔྱོད་ལས་དོན་རྟོགས་ཚད་དང་དེ་འབྲེལ་བློ་ཡིད་ཚིམ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།

གོམ་སྟབས་རྗེས་མར། ཁ་རུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་དང་བླངས་ཞབས་ཞུའི་རུ་ཁག་གི་འགན་ནུས་ལེགས་ཆ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ནས་བྱ་སྤྱོད་ཧུར་ཐག་སྤེལ་རྒྱུ་ཡིན་ཞིང་། རྣམ་པ་སྣ་ཚོགས་དང་། ཐབས་ལམ་མང་པོ། རིམ་པ་མང་པོ་བཅས་ཀྱི་སྒོ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། “ཏང་འཛུགས་སྐྱོང+ལས་སྒོ”མཉམ་འདྲེས་གཏིང་ཟབ་དང་ཐུན་མོང་ཐོག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་པོ་དང་ཕན་འབྲས་ཆེན་པོས་མི་དམངས་མང་ཚོགས་ལ་སྟབས་བདེ་སྤུས་ལེགས་ཀྱི་ཞིབ་དཔྱོད་ཞབས་འདེགས་ཞུ་རྒྱུ་རེད་ལ། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ་བཅས་ཀྱི་དོན་དག་ཐག་གཅོད་ཡག་པོ་བྱ་རྒྱུ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)